分享按钮

ལྷ་སའི་མཐོ་གསར་ཁུལ་གྱིས་མེ་སྐྱོན་ཐད་ཀྱི་འཕྲལ་སྡོམ་ནང་སྦྱོང་བྱས་པ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ལྷ་སའི་མཐོ་གསར་ཁུལ་གྱིས་ཚོང་ཁང་ཆེ་གྲས་དང་དེ་བཞིན་མི་ཚོགས་མང་བའི་ཁུལ་གྱི་ཐོལ་བྱུང་དོན་རྐྱེན་ལ་ཁ་གཏད་གཅོག་པའི་ནུས་པ་སྔར་བས་ཆེ་རུ་བཏང་ནས་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་ལ་འགན་ལེན་བྱ་ཆེད། ཉེ་ཆར། ལྷ་སའི་མཐོ་གསར་ཁུལ་དོ་དམ་ཨུ་ལྷན་ཐོན་སྐྱེད་བདེ་འཇགས་ཨུ་ལྷན་གཞུང་ལས་ཁང་གིས་སྤྱི་བདེ་དང་། མེ་ཟོན། སྨན་ཁང་སོགས་ཚན་པ་12དང་མཉམ་འབྲེལ་བྱས་ནས་སྣེའུ་ཞིང་ཚོང་ཁྲོམ་རར་མེ་སྐྱོན(IVརིམ་པ)ཐད་ཀྱི་འཕྲལ་སྡོམ་ནང་སྦྱོང་བྱས་པ་རེད།

ད་ཐེངས་ཀྱི་ནང་སྦྱོང་དེ་མི་ཚང་མས་བདེ་འཇགས་ལ་སྣང་ཆེན་བྱེད་པ་དང་མི་ཚང་མས་འཕྲལ་སྡོམ་བྱེད་ཤེས་པ་ཞེས་པ་གཙོ་དོན་དུ་བྱས་ནས་གྲ་སྒྲིག་ནང་སྦྱོང་དང་དངོས་འཐབ་ནང་སྦྱོང་ཞེས་དུས་མཚམས་གཉིས་སུ་དབྱེ་ནས་སྤེལ་བ་རེད། གྲ་སྒྲིག་ནང་སྦྱོང་གི་དུས་མཚམས་ནང་། མེ་སྐྱོན་བྱུང་བ་ལད་ཟློས་བྱས་པ་བརྒྱུད། ཁྲོམ་རའི་དོ་དམ་དཔུང་ཁག་དང་ཚོང་དུད་ཁ་འགྲེམས་པའི་བརྒྱུད་རིམ་དང་འཕྲལ་སྡོམ་སྔོན་ཇུས་རྒྱུས་མངའ་ཡོད་པར་བྱས་པ་དང་། དངོས་འཐབ་ནང་སྦྱོང་གི་དུས་མཚམས་ནང་། སྣེའུ་ཞིང་ཚོང་ཁྲོམ་རའི་དོ་དམ་དཔུང་ཁག་གིས་ལམ་སེང་འཕྲལ་སྡོམ་སྔོན་ཇུས་ལག་བསྟར་བྱས་ནས་དུས་ཐོག་ཏུ་གློག་བཀག་པ་དང་འབྲེལ་རླུང་འཕྲིན་མ་ལག་བརྒྱུད་ནས་ཚོང་དུད་དང་སྐུ་མགྲོན་ཚང་མར་ཁ་འགྲེམས་རྒྱུའི་བརྡ་ཐོ་བཏང་བ་རེད། ཚོང་དུད་དང་སྐུ་མགྲོན་ཚོས་སྔོན་ལ་བཀོད་སྒྲིག་བྱས་པའི་ཁ་འགྲེམས་ལམ་ཐིག་གཞིར་བཟུང་། ལག་པས་སྣ་དང་ཁ་བཀབ་པ་དང་། སྐེད་པ་བསྒུར་བསྒུར་བྱས་ཏེ་མེ་གསོད་བགྲོད་ལམ་བརྒྱུད་ནས་གོ་རིམ་ལྡན་པའི་ངང་ཁྲོམ་རའི་ཕྱི་རོལ་གྱི་ཡངས་ཤིང་རྒྱ་ཆེ་བའི་ས་ཁུལ་དུ་ཕྱིར་འཐེན་བྱས་པ་རེད། དེའི་རྗེས་སུ་སྤྱི་བདེ་དང་། མེ་ཟོན། སྨན་ཁང་སོགས་ཚན་པ་མང་པོ་ཞིག་གིས་མཉམ་འབྲེལ་བྱས་ཏེ་འཚོལ་སྐྱོབ་དང་། མེ་གསོད་པ། རྨས་མར་སྐྱོབ་བཅོས་སོགས་ཀྱི་ནང་སྦྱོང་བྱས་པ་དང་། བརྒྱུད་རིམ་ཧྲིལ་པོ་ཛ་དྲག་དང་གོ་རིམ་ལྡན་པ་ཞིག་ཡོད་པ་རེད།

ད་ཐེངས་ཀྱི་ནང་སྦྱོང་གིས་རྒྱ་ཆེའི་གྲོང་མི་མང་ཚོགས་ལ་ལས་འཛོལ་ཐོན་པ་དང་། མེ་སྐྱོན་གྱི་ཉེན་བརྡ་གཏོང་བ། འཕྲལ་སྡོམ་བཀོད་འདོམས་ཐབས་ཇུས། ཚན་རིག་དང་མཐུན་པའི་སྒོ་ནས་བཀོད་གཏོང་། ཡུལ་དངོས་སུ་ཐག་གཅོད་དང་རོགས་སྐྱོབ། མི་ཚོགས་ཁ་འགྲེམས་པ་སོགས་དུམ་ཚན་བརྒྱད་ཀྱི་ནང་སྦྱོང་ནང་དོན་ཐད་ཀར་གསལ་སྟོན་བྱས་ནས་འབྲེལ་ཡོད་ཚན་པས་མེ་སྐྱོན་གྱི་ཐོལ་བྱུང་དོན་རྐྱེན་ལ་ཁ་གཏད་གཅོག་པ་དང་། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་གི་བདེ་འཇགས་ལ་སྲུང་སྐྱོང་བྱ་རྒྱུར་དངོས་འཐབ་ཀྱི་ཉམས་མྱོང་བསགས་ཡོད། ནང་སྦྱོང་མཇུག་འགྲིལ་རྗེས། ལྷ་སའི་མཐོ་གསར་ཁུལ་དོ་དམ་ཨུ་ལྷན་བདེ་འཇགས་ལྟ་སྐུལ་ཅུས་དང་། སྣེའུ་མེ་ཟོན་རུ་ཆེན་གྱི་ལས་དོན་པས་ནང་སྦྱོང་གི་བརྒྱུད་རིམ་ལ་ཕྱོགས་སྡོམ་ཞིབ་དཔྱད་བྱས་པ་དང་། མི་འདང་སར་ཡུལ་དངོས་སུ་མཛུབ་ཁྲིད་བྱས་པ་དང་འབྲེལ་ལེགས་སུ་གཏོང་རྒྱུའི་བསམ་འཆར་ཡང་བཏོན་པ་རེད། དེ་དང་ཆབས་ཅིག་ཁྲོམ་རའི་དོ་དམ་དཔུང་ཁག་དང་ཚོང་དུད་ཚོར་མེ་ཟོན་བདེ་འཇགས་ཐད་ཀྱི་ཤེས་བྱ་དང་འཕྲལ་སྡོམ་སྲོག་ཉེན་ལས་ཐར་བའི་རྩལ་ནུས་ཁྱབ་གདལ་དུ་བཏང་སྟེ། ཚང་མའི་མེ་ཟོན་བདེ་འཇགས་ཀྱི་འདུ་ཤེས་དང་རང་གཞན་གཉིས་ཀ་སྐྱོབ་པའི་ནུས་པ་སྔར་བས་ཆེ་རུ་བཏང་ཡོད་པ་རེད།

ལྷ་སའི་མཐོ་གསར་ཁུལ(སྣེའུ་ཁུལ་གསར)བདེ་འཇགས་ལྟ་སྐུལ་ཅུས་ཀྱི་ཅུས་ཀྲང་གཞོན་པ་ཀྲང་ཡུས་ཀྱིས་ད་ཐེངས་ཀྱི་ནང་སྦྱོང་བརྒྱུད། ང་ཚོས་འཕྲལ་སྡོམ་སྔོན་ཇུས་ཀྱི་ཚན་རིག་རང་བཞིན་དང་བཀོལ་སྤྱོད་རང་བཞིན་ལ་ཞིབ་བཤེར་བྱས་པར་མ་ཟད། མཐོ་གསར་ཁུལ་གྱི་ཚན་པ་ཁག་གིས་ཐོལ་བྱུང་དོན་རྐྱེན་ལ་ཁ་གཏད་གཅོག་པའི་ནུས་པ་དང་། ཐག་གཅོད་ཀྱི་ནུས་པ། ཚན་པའི་དབར་གྱི་མཐུན་སྦྱོར་དམག་འཐབ་ཀྱི་ནུས་པ་བཅས་ཀྱང་སྔར་བས་ཆེ་རུ་བཏང་ཡོད། ད་ཐེངས་ཀྱི་འཕྲལ་སྡོམ་ནང་སྦྱོང་བདེ་བླག་ངང་ལེགས་འགྲུབ་བྱུང་བ་དེ་ནི་མཐོ་གསར་ཁུལ་གྱི་བདེ་འཇགས་དང་དོ་དམ་གྱི་ཆུ་ཚད་ལ་ཞིབ་བཤེར་བྱས་པ་ཞིག་ཡིན་པས་གྲོང་མི་མང་ཚོགས་ཀྱིས་འཕྲལ་སྡོམ་ལས་དོན་དེའི་བརྒྱུད་རིམ་ལ་ཐད་ཀར་ཤེས་རྟོགས་ཐུབ་པར་མ་ཟད། ད་དུང་བྱ་དགའ་ཡོད་པའི་འགྲན་བསྡུར་དང་ཉམས་ལེན་སོགས་ཀྱི་བྱེད་སྒོ་ཡང་སྤེལ་བས་མང་ཚོགས་ཀྱིས་འཕྲལ་སྡོམ་ལས་དོན་ལ་ངོས་འཛིན་བྱེད་ཚད་དང་སྤྲོ་སྣང་ཆེ་རུ་ཕྱིན་ཡོད་ཅེས་བཤད།

ཤེས་རྟོགས་བྱུང་བར་གཞིགས་ན། ལྷ་སའི་མཐོ་གསར་ཁུལ་བདེ་འཇགས་ཨུ་ལྷན་གཞུང་ལས་ཁང་གིས་ད་ཐེངས་ཀྱི་ནང་སྦྱོང་དེ་གོ་སྐབས་སུ་བྱས་ནས། འཕྲལ་སྡོམ་སྔོན་ཇུས་སྣ་ཚོགས་མུ་མཐུད་ནས་འཐུས་ཚང་དུ་གཏོང་བ་དང་། གསོ་སྦྱོང་དང་ནང་སྦྱོང་སྣ་ཚོགས་ལ་ཤུགས་སྣོན་བརྒྱབ་སྟེ། འཕྲལ་སྡོམ་ཐག་གཅོད་ཀྱི་ནུས་པ་དང་ཉམས་མྱོང་རྒྱུན་ཆད་མེད་པར་གསོག་འཇོག་བྱས་ཏེ། ཛ་དྲག་གི་གནས་ཚུལ་འོག་ཚན་པ་ཁག་གིས་སྤུས་ལེགས་དང་། ཆེད་ལས་ཅན། མགྱོགས་པོ་བཅས་དང་། ཚན་རིག་དང་མཐུན་པའི་སྒོ་ནས་ཐག་གཅོད་བྱས་ཏེ་མཐོ་གསར་ཁུལ་གྱི་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་ལ་འགན་ལེན་གང་ཐུབ་བྱ་རྒྱུ་ཡིན་པ་རེད། (པདྨ་རྒྱལ་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-08-28 6 6 拉萨日报藏文 c187032.html 1 ལྷ་སའི་མཐོ་གསར་ཁུལ་གྱིས་མེ་སྐྱོན་ཐད་ཀྱི་འཕྲལ་སྡོམ་ནང་སྦྱོང་བྱས་པ། /enpproperty-->