ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ།མཚན་མོའི་དཔལ་འབྱོར་ནི་གྲོང་ཁྱེར་ཚོང་ལས་ཀྱི་གྲུབ་ཆ་གལ་ཆེན་ཞིག་ཡིན།མཚན་མོའི་ཡུལ་སྐོར་དང་།མཚན་མོའི་ཁྲོམ་ར།མཚན་མོའི་ཟས་རིགས་བཅས་ཐོན་པ་དེས་གྲོང་ཁྱེར་གྱི་མཚན་མོར་འཁྲུག་ཆ་དོད་པའི་རྒྱུན་ལྡན་འཚོ་བའི་རྣམ་པ་ཞིག་གང་སར་ལེགས་པར་མངོན་བཞིན་མཆིས།འདི་ལོ་ནས་བཟུང་།《འུན་ཤིང་ཀོང་ཇོའི》ལོ་རྒྱུས་སྙན་ངག་ཟློས་གར་ཆེ་གྲས་ཀྱིས་རིག་གནས་ཡུལ་སྐོར་ཁྲོམ་རའི་འཕེལ་ཕྱོགས་དང་དམ་པོར་བསྟུན་ནས་རྒྱུན་གཏན་གྱི་གླིང་ཁུལ་དུ་ཡུལ་སྐོར་མཉམ་འགུལ་དང་མི་སྟོང་གི་སྒོར་གཞས་སོགས་རིག་གནས་ཡུལ་སྐོར་གྱི་རྣམ་པ་གསར་པ་དང་།སྣ་མང་ཅན་གྱི་མཚན་མོའི་ཡུལ་སྐོར་བྱ་ཐབས་གསར་པ་བཏོད་པས།རང་གྲོང་གི་མཚན་མོའི་འཛད་སྤྱོད་རྣམ་པ་སྔར་བས་རྒྱ་ཆེར་ཕྱིན་ནས་རིག་གནས་ཡུལ་སྐོར་ཁྲོམ་ར་དང་དཔལ་འབྱོར་འཕེལ་རྒྱས་ལ་སྒུལ་ཤུགས་ཆེན་པོ་བསྣན་ཡོད།
《འུན་ཤིང་ཀོང་ཇོའི》ལོ་རྒྱུས་སྙན་ངག་ཟློས་གར་ཁང་ཆེན་མོའི་ཕྱི་རོལ་དུ་གནས་པའི་ཚེ་མཆོག་གླིང་བོད་ལུགས་སྒོ་རའི་ཡུལ་སྲོལ་གོམས་གཤིས་ཁྲོམ་གཞུང་དུ་ཚོང་ལས་ཁྱུ་ཚོགས་སྐས་རིམ་ལྟར་བཀོད་སྒྲིག་བྱས་ནས་ལམ་ཆེན་གྱི་གཞོགས་གཉིས་སུ་བསྒྲིགས་ཡོད།དགོང་མོའི་འཁྲབ་སྟོན་མ་བྱས་གོང་དེ་གར་སྤྲོ་གསེང་བྱེད་མཁན་གྲོང་མི་དང་ཡུལ་སྐོར་བ་རྒྱུན་ཆད་མེད་ཅིང་།འགྲོ་འོང་བྱེད་མཁན་དང་།འོད་འཚེར་བའི་གློག་སྒྲོན།སྤྲོ་སྣང་གི་རྣམ་པ་བཅས་ལས་འདི་གར་འཚོ་བའི་ཉམས་འགྱུར་རབ་ཏུ་ཕྱུག་པའི་མཚན་མོའི་རོལ་དབྱངས་ཤིག་ཆགས་ཡོད།
མིག་སྔར《འུན་ཤིང་ཀོང་ཇོའི》ལོ་རྒྱུས་སྙན་ངག་ཟློས་གར་ཆེན་མོར་སྣ་མང་ཅན་གྱི་འཛད་སྤྱོད་ལས་རིགས་གཅིག་སྡུད་བྱས་ཏེ་ཟློས་གར་ལྟ་བ་དང་།བཟའ་བཏུང་།རིག་གནས་གསར་གཏོད།ཁྱིམ་ཚང་མགྲོན་ཁང་།ལག་ཤེས་སོགས་ཟུང་འབྲེལ་གྱི་ཡུལ་སྐོར་ཉམས་ལེན་ཆ་ཚང་ཞིག་ཆགས་ཡོད།ད་ཆ་ཀོང་ཇོའི་ཡུལ་སྐོར་ར་བ་དང་།ལྷ་མོའི་འཁྲབ་སྟོན།དྲ་གྲགས་མྱོང་རོལ་བྱ་ཡུལ།མི་སྟོང་གི་སྒོར་གཞས།ཕྱི་རོལ་གློག་བརྙན་སོགས་ཀྱི་རྣམ་པ་གསར་རྐྱང་མང་དུ་བཏང་ནས་ཡུལ་སྐོར་འཛད་སྤྱོད་ཀྱི་འཁོར་འབྲེལ་སྔར་བས་སྣུར་སྲིང་དང་ཕུན་སུམ་ཚོཊ་སུ་ཕྱིན་ཡོད་ཅིང་།དེ་ནི་ལྷ་སའི་ཁྱད་ཆོས་ལྡན་པའི་མཚན་མོའི་རིག་གནས་ཡུལ་སྐོར་འཛད་སྤྱོད་ཀྱི་ཉམས་ལེན་གསར་གཏོད་བྱས་པ་ཞིག་རེད།ཡུལ་སྐོར་བ་ཝང་དབྱི་ཧན་གྱིས་ང་རང་ལྷ་སར《འུན་ཤིང་ཀོང་ཇོའི》ཟློས་གར་ལ་ལྟ་རུ་ཡོང་ཐེངས་དང་པོ་ཡིན།ཟློས་གར་ལ་མ་ལྟ་གོང་ཆེད་མངགས་པར་རིས་ཀྱང་བརྒྱབ་པ་ཡིན།དེ་གའི་ཡུལ་ལྗོངས་ཧ་ཅང་མཛེས་པོ་འདུག འཁྲབ་སྟོན་མ་བྱས་གོང་མཐའ་འཁོར་དུ་བསྐྱོད་ནས་ཕོ་བྲང་པོ་ཏ་ལར་རྒྱང་ལྟ་དང་།ཁྱད་ལྡན་ཚོང་ཟོག་ཉོ་བ།གྲོང་མི་དང་མཉམ་དུ་སྒོར་གཞས་འཁྲབ་པ་བཅས་བྱས་པས་ངའི་སེམས་སུ་ཧ་ཅང་ཡག་པོ་འདུག་སྙམ་བྱུང་ཞེས་བཤད།
《འུན་ཤིང་ཀོང་ཇོའི》རྣམ་གྲངས་དེ་ལྷ་སའི་རིག་གནས་ཡུལ་སྐོར་གྱི་མཚོན་རྟགས་གསར་པ་ཞིག་ཡིན་པའི་ངོས་ནས་རྒྱུན་མཐུད་གསར་གཏོད་ཁྲོད་ལས་རིགས་རྣམ་པ་དང་འཁྲབ་སྟོན་གྱི་རྣམ་པ་རྒྱུན་ཆད་མེད་པར་ཕུན་སུམ་ཚོགས་སུ་གཏོང་རྒྱུ་མཐའ་འཁྱོངས་བྱས་ཏེ།ཡུལ་སྐོར་བར་ཉམས་ལེན་གསར་པ་དང་རིན་ཐང་གསར་པ་རྒྱུན་ཆད་མེད་པར་མཁོ་འདོན་བྱེད་ཀྱི་ཡོད།ཡུས་ཧྲང་ཧོ་མེ་ཚོགས་པའི་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་ཁྲེན་ལང་གིས་སླད་ཕྱིན་ད་དུང་ཁྱད་ཆོས་ལྡན་པའི་རྣམ་པ་དེ་བས་མང་བ་མུ་མཐུད་གསར་གཏོད་བྱས་ཏེ་ས་མཐོའི་རྒྱ་ཁོག་ཁྲོམ་ར་དང་།རྒྱལ་ཁབ་ཀྱི་གོམས་སྲོལ་དང་དར་སྲོལ་ཁྲོམ་ར།སྒོར་གཞས་གླུ་གར་PK། གྱོན་ཆས་བརྗེ་རེས་ཀྱི་ཉམས་ལེན་སོགས་སྤྲོ་གསེང་རོལ་རྩེད་བྱེད་སྒོ་བསྟུད་མར་སྤེལ་ནས་རྣམ་པ་དེ་བས་སྐྱིད་པོ་དང་། ཉམས་ལེན་དེ་བས་དབྱིངས་ཞུགས་པ།འཛད་སྤྱོད་དེ་བས་དར་སྲོལ་ཆེ་བ་བཅས་ཡོང་བ་བྱ་རྒྱུ་ཡིན་ཞེས་ངོ་སྤྲོད་བྱས་པ་རེད།
(བུ་ཆུང་གིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社