分享按钮

ལྷ་ས་དཔལ་འབྱོར་ལག་རྩལ་གསར་སྤེལ་ཁུལ་གྱིས་ཕུཊ་འདུན་མངོན་འགྱུར་བྱེད།ཐུན་མོང་ཐོག་འབྱུང་འགྱུར་གཏོད་ཅེས་པའི་གཞོན་ནུ་ཤེས་ལྡན་པའི་ལྟ་སྐོར་སྤེལ་རེས་བྱེད་སྒོ་སྤེལ་བ།

པར་འདི་ནི་ལྷ་ས་དཔལ་འབྱོར་ལག་རྩལ་གསར་སྤེལ་ཁུལ་གྱི་གཞོན་ནུ་ཤེས་ལྡན་པས་པདྨ་ནོར་འཛིན་རིག་གནས་འཕེལ་རྒྱས་ཚད་ཡོད་ཀུང་སིར་ལྟ་སྐོར་བྱེད་པའི་རྣམ་པ་ཡིན།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཤེས་ལྡན་པ་སྣ་ཚོགས་ཀྱི་ལས་སྒྲུབ་ལས་གཏོད་ཀྱི་ཧུར་བརྩོན་རང་བཞིན་དང་གསར་གཏོད་རང་བཞིན་སྔར་བས་སྐུལ་སློང་བྱ་ཆེད། ཟླ་8ཚེས་23ཉིན། ལྷ་ས་དཔལ་འབྱོར་ལག་རྩལ་གསར་སྤེལ་ཁུལ་དོ་དམ་ཨུ་ལྷན་གྱིས་ཕུགས་འདུན་མངོན་འགྱུར་བྱེད།ཐུན་མོང་ཐོག་འབྱུང་འགྱུར་གཏོད་ཅེས་པའི་གཞོན་ནུ་ཤེས་ལྡན་པའི་ལྟ་སྐོར་སྤེལ་རེས་བྱེད་སྒོ་སྒྲིག་འཛུགས་བྱས་ནས་སྤེལ་བ་རེད།

ཉིན་དེའི་ཕྱི་དྲོར།ཚང་མ་ལྷ་ས་དཔལ་འབྱོར་ལག་རྩལ་གསར་སྤེལ་ཁུལ་དོ་དམ་ཨུ་ལྷན་ནས་གཅིག་གྱུར་ཐོག་རླངས་འཁོར་ལ་བསྡད་དེ་དང་ཐོག་གླིང་ཁུལ་ནང་གི་ཕུལ་བྱུང་ཁེ་ལས་པདྨ་ནོར་འཛིན་རིག་གནས་འཕེལ་རྒྱས་ཚད་ཡོད་ཀུང་སིར་ཡོང་ནས་ཀུང་སི་དེའི་ཐོན་སློབ་མཉམ་འདྲེས་དཔེ་སྟོན་རྟེན་གཞིར་ལྟ་སྐོར་བྱས་པ་དང་།ཀུང་སི་དང་བོད་ཀྱི་ལས་རིགས་ལག་རྩལ་སློབ་གླིང་ཁག་དབར་རྒྱུན་མཐུད་རང་བཞིན་གྱི་སློབ་གྲྭ་དང་ཁེ་ལས་མཉམ་ལས་བྱེད་པའི་ནང་དོན་ཐད་ཤེས་རྟོགས་བྱས་པ།བཟོ་གྲྭའི་ནང་སློབ་གྲྭ་དང་སློབ་གྲྭའི་ནང་བཟོ་གྲྭ་ཡོད་པའི་མཉམ་འབྲེལ་སློབ་གཉེར་བྱེད་སྟངས་སྤྱད་དེ་བཟོ་བོའི་སྙིང་སྟོབས་མི་རབས་ནས་མི་རབས་བར་རྒྱུན་འཁྱོངས་ཐུབ་པར་བྱས་པ་རེད། ཀུང་སིའི་ཀྲུང་ཧྭ་རྫ་དཀར་བཟོ་རྩལ་མཛེས་རྩལ་སྤེལ་རེས་ཁང་དང་ཀྲུང་ཧྭ་བོད་རྫ་འགྲེམས་སྟོན་ཁུལ་དུ་ཚང་མས་གནའ་རབས་རྫ་ཆས་ཀྱི་ཤེས་བྱ་སློབ་སྦྱོང་ནན་ཏན་བྱས་པ་རེད། ལྷ་ས་ཕྱོགས་བསྡུས་ཁྲལ་སྲུང་ཁུལ་གསར་སྤེལ་མ་འཇོག་ཚད་ཡོད་ཀུང་སིའི་ལས་དོན་མི་སྣ་ཅང་ཐའོ་ཡིས་པདྨ་ནོར་འཛིན་རིག་གནས་འཕེལ་རྒྱས་ཚད་ཡོད་ཀུང་སིར་ལྟ་སྐོར་བྱས་པ་དེས་ང་ལ་བག་ཆགས་ཟབ་མོ་བྱུང་། ཁོང་ཚོས་བོད་ཀྱི་རིག་གནས་རྒྱུན་འཛིན་དང་འཕེལ་རྒྱས་བྱ་རྒྱུའི་ཐད་ནུས་པ་ཧ་ཅང་གལ་ཆེན་ཐོན་པ་དང་།དུས་མཚུངས་སློབ་གྲྭ་དང་ཁེ་ལས་མཉམ་ལས་བྱས་པ་བརྒྱུད་ཤེས་ལྡན་པ་གསོ་སྐྱོང་ལ་སྐུལ་འདེད་ནུས་ལྡན་བཏང་ཡོད་ཅེས་བཤད།

རང་ལྗོངས་ཀྱི་རྒྱལ་ཁབ་སྒྲིག་སྦྱོར་རྣམ་པའི་བཟོ་སྐྲུན་ཐོན་ལས་རྟེན་གཞི་ཐོག་མ་ཡིན་པའི་བོད་ལྗོངས་བོད་སྐྲུན་ཚན་རྩལ་མ་རྐང་ཚད་ཡོད་ཀུང་སིའི་ལས་དོན་པས་ཀུང་སིའི་གཙོ་གཉེར་ལས་སྒོ་དང་། གཉེར་སྐྱོང་གནས་ཚུལ། འཕེལ་རྒྱས་ཀྱི་འདུ་ཤེས་སོགས་ཀྱི་ཐད་ལྟ་སྐོར་བར་ངོ་སྤྲོད་ཞིབ་ཕྲ་བྱས་པ་དང་།ཚང་མས་སྒྲིག་སྦྱོར་རྣམ་པའི་དཔེ་མཚོན་ཁང་པ་དང་ཐོན་སྐྱེད་འཁོར་ཁང་སོགས་ལ་ལྟ་སྐོར་བྱས་པ་དང་སྒྲིག་སྦྱོར་རྣམ་པའི་བཟོ་སྐྲུན་དང་། འབྱུང་འཕྲོད་ཨར་ལས་རྒྱུ་ཆ། འབྱུང་འཕྲོད་ནུས་རྒྱུ་གཙང་མ། ཟོག་རོ་བེད་སྤྱོད་སོགས་ཀྱི་ཐད་ལ་སྤེལ་རེས་བྱས་པ་རེད། ལྷ་ས་དཔལ་འབྱོར་ལག་རྩལ་གསར་སྤེལ་ཁུལ་ཏང་དང་མང་ཚོགས་ལས་དོན་པུའི་འགན་འཁུར་བ་ཚེ་རིང་རྡོ་རྗེས་དེ་རིང་ལྷ་ས་ལག་རྩལ་དཔལ་འབྱོར་གསར་སྤེལ་ཁུལ་གྱིས་གཞོན་ནུ་ཤེས་ལྡན་པ་30ལྷག་ཙམ་ཕུལ་བྱུང་ཁེ་ལས་ལ་ལྟ་སྐོར་དང་སྤེལ་རེས་སློབ་སྦྱོང་བྱེད་པར་སྒྲིག་འཛུགས་བྱས་པ་དེ་གཙོ་བོ་གྲོང་ཁྱེར་ཏང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གིས་ཤེས་ལྡན་པར་བརྟེན་ནས་གྲོང་ཁྱེར་སྟོབས་ཆེར་གཏོང་རྒྱུའི་སྐོར་གྱི་ལས་དོན་བཀོད་སྒྲིག་ཁག་ལ་དང་ལེན་ཧུར་ཐག་ཞུས་པ་དང་།དུས་མཚུངས་དཔལ་འབྱོར་གསར་སྤེལ་ཁུལ་གྱི་ཁེ་ལས་ཀྱི་ཉམས་འགྱུར་མངོན་པར་བྱས་ནས་ཤེས་ལྡན་པར་བརྩི་བཀུར་དང་གཅེས་སྤྲས་བྱེད་པའི་ཤེས་ལྡན་པའི་འབྱུང་ཁམས་ཁོར་ཡུག་བཟང་པོ་གཏོད་ཆེད་རེད་ཅེས་བཤད། (ལྷག་པ་ཚེ་རིང་གིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-08-27 6 6 拉萨日报藏文 c186841.html 1 ལྷ་ས་དཔལ་འབྱོར་ལག་རྩལ་གསར་སྤེལ་ཁུལ་གྱིས་ཕུཊ་འདུན་མངོན་འགྱུར་བྱེད།ཐུན་མོང་ཐོག་འབྱུང་འགྱུར་གཏོད་ཅེས་པའི་གཞོན་ནུ་ཤེས་ལྡན་པའི་ལྟ་སྐོར་སྤེལ་རེས་བྱེད་སྒོ་སྤེལ་བ། /enpproperty-->