ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཟླ་8ཚེས་23ཉིན།ལྷུན་གྲུབ་རྫོང་མི་དམངས་སྨན་ཁང་གི་འབྲེལ་ཡོད་འགན་འཁུར་བ་དང་དེ་བཞིན་ཚན་ཁག་ལས་གྲུབ་པའི་སྨན་བཅོས་ཚོགས་པ་དང་བཅས་པ་མི་13གྱིས་རྫོང་དེའི་རྒྱུད་རོང་གྲོང་ཚོར་དམངས་ཡོངས་ཀྱི་བདེ་ཐང་གཟུགས་པོར་བརྟག་དཔྱད་ཀྱི་བྱེད་སྒོ་སྤེལ་བ་རེད།
ད་ཐེངས་ཀྱི་བྱེད་སྒོའི་དམིགས་ཡུལ་ནི་ལྷུན་གྲུབ་རྫོང་གི་དམངས་ཡོངས་ཀྱི་བདེ་ཐང་གི་ཆུ་ཚད་དང་འཚོ་བའི་སྤུས་ཚད་བརྟན་པོའི་ངང་མཐོ་རུ་གཏོང་བ་དང་།དམངས་ཡོངས་ཀྱི་གཟུགས་པོར་བརྟག་དཔྱད་ལས་དོན་གྱི་ཕུགས་ཕན་ལམ་སྲོལ་འཛུགས་པ་དང་འཐུས་ཚང་དུ་གཏོང་བ། སྔ་ཙམ་ནས་ཤེས་རྟོགས་དང་། སྔ་ཙམ་ནས་སྔོན་འགོག སྔ་ཙམ་ནས་བརྟག་དཔྱད། སྔ་ཙམ་ནས་སྙན་ཞུ། སྔ་ཙམ་ནས་སྨན་བཅོས་བཅས་ཀྱི་འདུ་ཤེས་དར་སྤེལ་གཏོང་རྒྱུ་དེ་རེད། བྱེད་སྒོའི་དུས་ཡུན་ཉིན་3ཡིན་པ་དང་རྒྱུད་རོང་གྲོང་ཚོའི་ཡུལ་མི་ཡོངས་ལ་ཁྱབ་པ་དང་། དེའི་ནང་Bསྒྲ་རླབས་བརྟག་དཔྱད་དང་། མཆིན་པའི་བྱེད་ནུས་ལ་བརྟག་དཔྱད། ཁྲག་ལ་བརྟག་དཔྱད་སོགས་འབྲེལ་ཡོད་རྣམ་གྲངས་ཚུད་ཡོད་པར་མ་ཟད། ཡུལ་མིར་བདེ་ཐང་ཡིག་ཚགས་ཀྱང་བཟོས་ཡོད་པ་རེད།
རྒྱུད་རོང་གྲོང་ཚོའི་ཏང་སྤྱི་ཁྱབ་ཀྲི་པུའི་ཧྲུའུ་ཅི་ཐུབ་བསྟན་ཚེ་རིང་གིས་གཟུགས་པོའི་བརྟག་དཔྱད་བྱེད་སྒོའི་ནང་གྲོང་ཚོའི་ཨུ་ལྷན་གཉིས་དང་གྲོང་སྡོད་ལས་དོན་རུ་ཁག་གིས་རྫོང་སྨན་བཅོས་རུ་ཁག་ལ་གཞོགས་འདེགས་བྱས་ཏེ་བསམ་བློའི་ཐད་ཚད་མཐོའི་མཐོང་ཆེན་དང་བྱ་སྤྱོད་ཐད་ཁྱོན་ཡོངས་ནས་དོན་འཁྱོལ་བྱས་ཏེ་བྱེད་སྒོ་དེ་རྒྱུད་རོང་གྲོང་ཚོའི་མང་ཚོགས་ལ་དྲོ་སྐྱིད་སྦྱིན་པའི་དམངས་འཚོའི་ལས་དོན་ལ་བརྩིས་ནས་དམ་འཛིན་བྱས་ཏེ་སྨན་བཅོས་དམངས་ཕན་ལས་དོན་དེ་ཡག་པོ་སྒྲུབ་པ་དང་། རྒྱུད་རོང་གྲོང་ཚོའི་མི་རིགས་ཁག་གི་མང་ཚོགས་ཚོས་ཏང་དང་སྲིད་གཞུང་གི་དྲོ་སྐྱིད་དང་ཐུཊ་ཁུར་ཟབ་མོ་ཚོར་ཐུབ་པར་བྱ་རྒྱུ་ཡིན་ཞེས་བཤད།
གཟུགས་པོར་བརྟག་དཔྱད་བྱེད་པའི་བརྒྱུད་རིམ་ནང་། སྨན་དོན་པས་ངང་རྒྱུད་རིང་པོས་གྲོང་མིའི་གཟུགས་གཞིའི་གནས་ཚུལ་འདྲི་བ་དང་། གཟུགས་གཞིར་དམིགས་བསལ་དང་རྒྱུན་ལྡན་མིན་པའི་གནས་ཚུལ་ཡོད་ཚེ་བདེ་ཐང་གི་མཛུབ་ཁྲིད་གནང་བར་མ་ཟད། ནད་རིགས་སྔོན་འགོག་དང་སྨན་བཅོས་ཀྱི་འབྲེལ་ཡོད་ཤེས་བྱ་དང་བྱ་ཐབས་ལ་ལན་བཏབ་པ་དང་སྦྲགས་བཟའ་བཏུང་དང་། ལུས་རྩལ། སྨན་སྤྱོད་སོགས་ཀྱི་ཐད་བསམ་འཆར་དང་གྲོས་འགོ་ཡང་བཏོན་པ་རེད།
བདེ་ཐང་གཟུགས་པོར་བརྟག་དཔྱད་བྱེད་པའི་ཞབས་ཞུ་བསྒྲུབས་པ་བརྒྱུད། རྒྱུད་རོང་གྲོང་ཚོའི་ཡུལ་མིའི་བདེ་ཐང་གི་འདུ་ཤེས་ཟབ་ཏུ་ཕྱིན་པ་དང་། ཚང་མའི་ཐོབ་སྣང་དང་།སྐྱིད་སྣང་། བདེ་སྣང་བཅས་ཟབ་ཏུ་ཕྱིན་ནས་བྱེད་སྒོར་ཡུལ་མིའི་གདེང་འཇོག་བཟང་པོ་ཐོབ་ཡོད་པ་རེད།
(སྟོབས་རྒྱལ་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社