ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཉིན་ཤས་གོང་།གྲོང་སྤྱི་གཞོན་པ་པདྨ་གཡུ་སྒྲོན་གྱིས་རུ་སྣེ་ཁྲིད་དེ་རང་གྲོང་གི་བོད་ཐུག་ལས་སྣོན་བཟོ་གྲྭར་ལྟ་སྐོར་དང་བརྟག་ཞིབ་གནང་བ་དང་འབྲེལ་ལྷ་ས་གྲོང་ཁྱེར་གྱི་བོད་ཐུག་ལས་སྣོན་ཐོན་ལས་ཚད་ལྡན་དང་མཐོ་རུ་གཏོང་བའི་ས་གནས་ས་ཐོག་གི་ཚོགས་འདུ་ཡང་འཚོགས་པ་རེད། ཚོགས་འདུའི་ཐོག་ལྷ་ས་གྲོང་ཁྱེར་གྱི་བོད་ཐུག་ལས་སྣོན་ཐོན་ལས་ཀྱི་གཞི་ཁྱོན་ཆུང་བ་དང་།ལག་རྩལ་དོ་སྙོམས་མེད་པ།དོ་དམ་ཚད་ལྡན་མིན་པ་སོགས་ཀྱི་གནད་དོན་ཐག་གཅོད་བྱ་རྒྱུར་བརྟག་དཔྱད་གཏིང་ཟབ་གནང་བ་དང་ཐག་གཅོད་བྱ་ཐབས་ལ་གྲོས་བསྡུར་དང་ཞིབ་འཇུག་གནང་བ་རེད།
པདྨ་གཡུ་སྒྲོན་གྱིས་དང་ཐོག་བོད་ཐུག་ལས་སྣོན་ཁེ་ལས་ཀྱི་འཐུས་མིའི་སྣེ་ཁྲིད་དེ་ཁྲེང་ཀོན་ཆུས་བོད་ཐུག་ལས་སྣོན་བཟོ་ཁང་ཆུང་གྲས་སུ་ལྟ་སྐོར་སློབ་སྦྱོང་གནང་བ་རེད། པདྨ་གཡུ་སྒྲོན་གྱིས་བོད་ཐུག་ལས་སྣོན་བཟོ་གྲྭ་ཆུང་གྲས་ཚད་ལྡན་ཅན་དུ་འགྱུར་བའི་ཐོན་སྐྱེད་ལ་རིམ་བཞིན་སྐུལ་ཁྲིད་བྱེད་པ་དང་ས་ཁོངས་ཀྱི་བཟོ་གྲྭ་ཆུང་གྲས་རིམ་པ་མཐོ་རུ་གཏོང་རྒྱུར་སྐུལ་འདེད་བཏང་ནས་ས་ཁོངས་ཀྱི་ཁྱད་ལྡན་བཟའ་བཅའི་ཐོན་ལས་ནུས་ཤུགས་ཡོད་རྒུས་གཏོད་དགོས་པའི་མཛུབ་སྟོན་གནང་བ་རེད།
དེ་རྗེས་འཚོགས་པའི་ས་གནས་ས་ཐོག་གི་ཚོགས་འདུའི་ཐོག བོད་ཐུག་ལས་སྣོན་ཐོན་ལས་ཚད་ལྡན་དང་མཐོ་རུ་གཏོང་རྒྱུ་ནི་དམངས་འཚོ་དང་ཉེ་བཅར་བྱེད་པ་དང་མང་ཚོགས་ཉེ་འགྲམ་གྱི་གླེང་མང་བའི་གནད་དོན་ཐག་གཅོད་བྱེད་པའི་ཞིབ་ཕྲའི་བྱ་ཐབས་ཤིག་ཡིན་ལ་ལྷ་སས་ཡུལ་ཁོངས་ཡུལ་སྐོར་འཕེལ་རྒྱས་གཏོང་བ་དང་གྲོང་ཁྱེར་གྱི་གཟུགས་བརྙན་གཏོད་པའི་ལས་འགན་གལ་ཆེན་ཞིག་ཀྱང་ཡིན་པས། རྫོང(ཆུས)ཁག་དང་། སྡེ་ཚན་ཁག བོད་ཐུག་ལས་སྣོན་ཁེ་ལས་བཅས་ཀྱིས་ངེས་པར་དུ་བོད་ཐུག་ལས་སྣོན་ཐོན་ལས་གོང་འཕེལ་གཏོང་བའི་དོན་སྙིང་གལ་ཆེན་ལ་གོ་བ་གཏིང་ཟབ་ལེན་དགོས་པ་དང་། ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་ཏན་ཏིག་བཏང་ནས་ཚད་མཐོའི་འགན་འཁྲི་འཁུར་སེམས་དང་ལས་འགན་སྒྲུབ་སེམས་ལ་བརྟེན་ནས་ཚད་ལྡན་མཐོ་རུ་གཏོང་བའི་ལས་དོན་ཡག་པོ་སྒྲུབ་དགོས་པའི་ནན་གསུངས་གནང་བ་རེད།
(སྟོབས་རྒྱལ་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社