2014ལོ་ནས་2024ལོའི་བར་ལྷ་སའི་པེ་ཅིང་ཚོད་ལྟའི་སློབ་འབྲིང་གིས་ལོ་ངོ་བཅུའི་ལོ་ཟླ་བརྒྱུད་ཡོད། ལོ་ངོ་བཅུའི་རིང་། ལྷ་སའི་པེ་ཅིང་ཚོད་ལྟའི་སློབ་འབྲིང་གིས་རིག་ཚན་འཛུགས་སྐྱོང་དང་ཤེས་ལྡན་པ་གསོ་སྐྱོང་སོགས་ཐད་གྲུབ་འབྲས་མངོན་གསལ་དོད་པོ་བླངས་ནས་སྤྱི་ཚོགས་ལ་ཕུལ་བྱུང་གི་ཤེས་ལྡན་པ་ཁག་གཅིག་གསོ་སྐྱོང་བྱས་པར་མ་ཟད། སློབ་གྲྭ་ཡང་ལྷ་སའི་སློབ་གྲྭ་དཀྱུས་མ་ཞིག་ནས་ལྗོངས་ཡོངས་ཀྱི་དཔེ་སྟོན་རང་བཞིན་གྱི་སློབ་གྲྭར་གྱུར་ནས་གཟི་བརྗིད་མཚན་སྙན་མང་པོ་ཐོབ་ཡོད།
ཚེས་23ཉིན་གྱི་སྔ་དྲོར།ལྷ་སའི་པེ་ཅིང་ཚོད་ལྟའི་སློབ་འབྲིང་གི་དགེ་སློབ་2000ལྷག་ཙམ་ལྷན་དུ་འཛོམས་ནས་ལྷ་སའི་པེ་ཅིང་ཚོད་ལྟའི་སློབ་འབྲིང་བཙུགས་ནས་ལོ་བཅུ་འཁོར་བའི་གྲུབ་འབྲས་འགྲེམས་སྟོན་དང་སློབ་གྲྭའི་སྒོ་དབྱེའི་ཉིན་མོའི་བྱེད་སྒོ་སྤེལ་ནས་དམིགས་བསལ་གྱི་དུས་སྐབས་དེར་ཐུན་མོང་ཐོག་རྟེན་འབྲེལ་ཞུས་པ་རེད། བརྗིད་ཉམས་ལྡན་པའི་རྒྱལ་གླུའི་ཁྲོད་གནམ་བདེ་སྒོ་མོའི་རྒྱལ་དར་སྲུང་སྐྱོབ་རུ་ཁག་གིས་ཕུལ་བའི་2014ལོའི་ཟླ་8ཚེས་16ཉིན་གནམ་བདེ་སྒོ་མོའི་ཐང་ཆེན་དུ་བསྒྲེངས་པའི་རྒྱལ་དར་ལྷ་སའི་པེ་ཅིང་ཚོད་ལྟའི་སློབ་འབྲིང་དུ་རིམ་བཞིན་བསྒྲེངས་ཡོད། བྱེད་སྒོའི་ནང་། སློབ་མ་རང་ཉིད་ཀྱིས་ཇུས་འགོད་བྱས་པའི་ལོ་བཅུ་འཁོར་བའི་དྲན་གསོའི་པར་གཞིའི་སློབ་གྲྭའི་མཚོན་རྟགས་དང་བཀྲ་ཤིས་མཚོན་རྟཊ་འགྲེམས་སྟོན་བྱས་ཡོད།
ལྷ་སའི་པེ་ཅིང་ཚོད་ལྟའི་སློབ་འབྲིང་ནི་དེ་སྔའི་ལྷ་སའི་མཐོ་འབྲིང་གཉིས་པ་ཡིན་པ་དང་། 2014ལོར་པེ་ཅིང་གྲོང་ཁྱེར་གྱིས་མ་དངུལ་སྒོར་དུང་ཕྱུར་2.5བཏང་ནས་ལྷ་སའི་སློབ་གསོའི་གྲོང་དུ་སློབ་གྲྭ་གསར་པ་བཙུགས་པ་དང་འབྲེལ། ལྷ་སའི་པེ་ཅིང་ཚོད་ལྟའི་སློབ་འབྲིང་ཞེས་དངོས་སུ་མིང་བསྒྱུར་ཡོད། ལོ་ངོ་བཅུའི་རིང་། ལྷ་སའི་པེ་ཅིང་ཚོད་ལྟའི་སློབ་འབྲིང་དེ་ཤེས་ལྡན་པ་གསོ་སྐྱོང་བྱེད་ས་གལ་ཆེན་ཞིག་ཏུ་གྱུར་ཡོད།
མ་ཡུམ་སློབ་གྲྭའི་སྐོར་གླེང་སྐབས་ལྷ་སའི་པེ་ཅིང་ཚོད་ལྟའི་སློབ་འབྲིང་གི་མཐོ་འབྲིང་ལོ་རིམ་གསུམ་པའི་སློབ་མ་ཚེ་རིང་རྒོད་སྐྱེས་ལ་མྱོང་བ་ཟབ་བྱུང་ཡོད། ཁོང་གིས་ངའི་མཐོ་འབྲིང་ལོ་གསུམ་ལྷ་སའི་པེ་ཅིང་ཚོད་ལྟའི་སློབ་འབྲིང་དུ་བསྐྱལ་བ་ཡིན། ལོ་གསུམ་གྱི་རིང་། ང་རང་ཧ་ཅང་སྐྱིད་པོ་བྱུང་། སློབ་གྲྭའི་མཁྲེགས་ཆས་སྒྲིག་ཆས་དང་ཁོར་ཡུག་ཚང་མ་ཡག་པོ་ཡོད། གཞན་ཡང་སློབ་གྲྭས་བྱེད་སྒོ་སྣ་ཚོགས་སྤེལ་ནས་ང་ཚོར་འགྲེམས་སྟོན་དང་འཚར་ལོངས་ཀྱི་སྟེགས་བུ་མཁོ་འདོན་བྱས་ཡོད། དཔེར་ན། 3Dཔར་འདེབས་དང་། ཤོག་བུ་འབྲེག་པ། བྱ་སྒྲོའི་སྤོ་ལོ་སོགས་ཀྱི་དགའ་ཕྱོགས་ཀྱི་སློབ་ཚན་ཕུན་སུམ་ཚོགས་པོ་བཀོད་སྒྲིག་བྱས་ཡོད། སློབ་གྲྭས་ལོ་ལྟར་སློབ་མ་མང་པོ་པེ་ཅིང་དུ་ཞིབ་འཇུག་དང་སློབ་སྦྱོང་བྱེད་པར་གཏོང་གི་ཡོད། ང་ལ་ཡང་སྔོན་ཆད་ཚོགས་པ་དང་མཉམ་དུ་པེ་ཅིང་རྒྱལ་ཁབ་ཟློས་གར་ཁང་དུ་འཁྲབ་སྟོན་བྱེད་པའི་གོ་སྐབས་བཟང་པོ་ཐོབ་མྱོང་ཞེས་བཤད།
ལྷ་སའི་པེ་ཅིང་ཚོད་ལྟའི་སློབ་འབྲིང་བཙུགས་པ་ནས་འཕེལ་རྒྱས་བྱུང་བའི་བར་གྱི་བརྒྱུད་རིམ་ཧྲིལ་པོར་བདེན་དཔང་བྱེད་མཁན་ཞིག་དང་དེའི་ནང་ཞུགས་མཁན་གྱི་དགེ་རྒན་ཁྲང་ཅེ་ལ་མཚོན་ན། ལོ་ངོ་བཅུའི་རིང་། ཁོང་ལ་བརྗོད་ཀྱི་མི་ལང་བའི་སྤྲོ་བ་མང་པོ་བྱུང་ཡོད། ཁོང་གིས། སློབ་གྲྭ་རྙིང་པ་ནས་ད་ལྟའི་ལྷ་སའི་པེ་ཅིང་ཚོད་ལྟའི་སློབ་འབྲིང་བར། ངས་སློབ་གྲྭའི་འཕེལ་རྒྱས་ལ་བདེན་དཔང་བྱས་ཡོད། ལོ་ངོ་བཅུ་ནི་ང་རང་ཉིད་ཀྱི་ངོས་ནས་བརྗོད་ན་ཧ་ཅང་རྩ་ཆེ་བ་ཞིག་ཡིན། སློབ་གྲྭའི་འགོ་ཁྲིད་དང་པེ་ཅིང་བོད་སྐྱོར་ཕྱོགས་ཀྱིས་ང་ཚོར་སྟེགས་བུ་མང་པོ་མཁོ་འདོན་བྱས་པས་ང་རང་ཉིད་ཀྱི་སློབ་དཔྱོད་ཐད་ལ་ཡར་རྒྱས་ཆེན་པོ་བྱུང་ཡོད།ཕྱིས་འབྱུང་།ལྷ་སའི་པེ་ཅིང་ཚོད་ལྟའི་སློབ་འབྲིང་འདི་ཉིད་མི་ཚང་མས་ཡིད་ཆེས་བྱེད་པའི་སློབ་གྲྭ་ཞིག་ཏུ་འགྱུར་རྒྱུ་དང་། ལྷག་པར་དུ་ཁྱིམ་བདག་དང་སློབ་མའི་བློ་ཡིད་ཚིམ་པའི་སློབ་གྲྭ་ཞིག་ཏུ་འགྱུར་རྒྱུའི་རེ་བ་ཡོད། དེ་ནི་ང་ཚོའི་དམིགས་ཡུལ་ཡིན་ཞེས་བཤད།
ལྷ་སའི་པེ་ཅིང་ཚོད་ལྟའི་སློབ་འབྲིང་གི་ལོ་ངོ་བཅུ་ནི་དཀའ་ངལ་ཁྱད་བསད་དང་རྒྱུན་ཆད་མེད་པར་མདུན་སྐྱོད་བྱེད་པའི་ལོ་ངོ་བཅུ་ཡིན་ལ། པེ་ཅིང་དང་བོད་ལྗོངས་དབར་གྱི་སློབ་གསོ་སྤེལ་རེས་བྱེད་པའི་ལོ་ངོ་བཅུ་ཡང་ཡིན། སློབ་གྲྭའི་ནང་གི་འགྲེམས་སྟོན་པར་རིས་རེ་རེས་སློབ་གསོའི་བོད་སྐྱོར་གྱི་གཏམ་རྒྱུད་རེ་རེ་མཚོན་གྱི་ཡོད་ལ། པེ་ཅིང་དང་ལྷ་སའི་འགྲོ་འོང་སྤེལ་རེས་དང་ལག་གདང་སྦྲེལ་ནས་མདུན་སྐྱོད་བྱེད་པའི་གཏམ་རྒྱུད་རེ་རེ་ཡང་མཚོན་གྱི་ཡོད།
ལྷ་སའི་པེ་ཅིང་ཚོད་ལྟའི་སློབ་འབྲིང་གི་ཀུན་སྤྱོད་སློབ་གསོའི་སློབ་སྤྱི་གཞོན་པ་ཞེ་ཧྥེས། རྒྱལ་སའི་ཐོན་ཁུངས་ནང་འདྲེན་དང་། བོད་སྐྱོར་དགེ་རྒན་གྱི་སྣེ་ཁྲིད། བོད་སྐྱོར་རིགས་གཅིག་མཁས་ཅན་གྱི་སྣེ་ཁྲིད་བཅས་ཀྱི་འོག་སློབ་གྲྭར་ཕྱོགས་གང་ཅིའི་ཐད་ཡར་རྒྱས་དང་འཕེལ་རྒྱས་ཆེན་པོ་བྱུང་ཡོད། སློབ་གསོ་དང་སློབ་ཁྲིད་ཁོ་ན་མཐོ་རུ་ཕྱིན་པར་མ་ཟད། སློབ་མའི་ཁྱད་ལྡན་སློབ་ཚན་འཕེལ་རྒྱས་གཏོང་བའི་ཐད་ང་ཚོས་སློབ་མའི་དགའ་ཕྱོགས་བསྐྱེད་བསྲིངས་བྱེད་སའི་སྟེབས་བུ་བསྐྲུན་ནས་སློབ་སྦྱོང་དང་འཚར་ལོངས་དེ་བས་ལེགས་པ་ཡོང་བར་བྱས་ཡོད་ཅེས་བཤད།
2014ལོར་སློབ་གྲྭ་བཙུགས་པ་ནས་བཟུང་། པེ་ཅིང་དང་ལྷ་སའི་ས་གནས་གཉིས་ཀྱི་སློབ་གསོ་སྡེ་ཚན་གྱི་རྒྱབ་སྐྱོར་འོག་ལྷ་སའི་པེ་ཅིང་ཚོད་ལྟའི་སློབ་འབྲིང་གིས་ཡང་དག་པའི་སློབ་གཉེར་གྱི་འདུ་ཤེས་དང་སློབ་གཉེར་གྱི་དམིགས་ཡུལ་ཡིད་ལ་དམ་པོར་བཅངས་ནས་འབད་བརྩོན་ལྷོད་མེད་བྱས་པས་སློབ་གསོ་དང་སློབ་ཁྲིད་ཀྱི་གྲུབ་འབྲས་ལོ་རེ་བཞིན་མཐོ་རུ་ཕྱིན་པ་དང་། སློབ་གཉེར་གྱི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་ཕྱིན་ཡོད།
(བྱམས་པ་ཚེ་རིང་གིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社