分享按钮

གྲོང་ཁྱེར་ཡོངས་ཀྱི་ཐོན་སྐྱེད་བདེ་འཇགས་ལས་དོན་གྱི་བཀོད་གཏོང་ཚོགས་འདུ་འཚོགས་པ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཟླ་8ཚེས་23ཉིན། གྲོང་ཁྱེར་ཡོངས་ཀྱི་ཐོན་སྐྱེད་བདེ་འཇགས་ལས་དོན་གྱི་བཀོད་གཏོང་ཚོགས་འདུ་འཚོཊ་པ་རེད།

གྲོང་ཨུད་ཀྱི་རྒྱུན་ཨུ་དང་། རྒྱུན་ལས་ཀྱི་གྲོང་སྤྱི་གཞོན་པ་དགྲ་འདུལ་གྱིས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད།

ཚོགས་འདུའི་ཐོག ཟླ་1ནས་7བདུན་པའི་བར་གྱི་གྲོང་ཁྱེར་ཡོངས་ཀྱི་ཐོན་སྐྱེད་བདེ་འཇགས་གནས་ཚུལ་བརྡ་ཁྱབ་བཏང་བ་དང་འབྲེལ་སླད་ཕྱིན་གྱི་ལས་ཀའི་གྲོས་འགོ་ཡང་བཏོན་ཡོད། སྟག་རྩེ་ཆུས་དང་། གྲོང་ཁྱེར་སྤྱི་བདེ་ཅུས། གྲོང་ཁྱེར་འགྲིམ་འགྲུལ་ཅུས་སོགས་ཀྱིས་ཐོན་སྐྱེད་བདེ་འཇགས་ཀྱི་རྩ་བཅོས་འགག་སྒྲོལ་ལོ་གསུམ་གྱི་ལས་དོན་སྤེལ་ཚུལ་དང་དེ་བཞིན་ལས་འཛོལ་སྔོན་འགོག་བྱ་ཐབས་སོགས་ལ་དམིགས་ནས་ཕུལ་བའི་འབྲེལ་ཡོད་སྙན་ཞུར་གསན་པ་རེད།

དགྲ་འདུལ་གྱིས། ད་ལོར་གྲོང་ཁྱེར་ཡོངས་ཀྱི་ཐོན་སྐྱེད་བདེ་འཇགས་དུས་བབ་ཅུང་བརྟན་པོ་བྱུང་ཞིང་། ཟླ་1ནས་7པའི་བར་ཐོན་སྐྱེད་བདེ་འཇགས་ཀྱི་ལས་འཛོལ་དང་རྐྱེན་ལམ་དུ་ཤོར་བའི་མི་གྲངས་ན་ནིང་དང་བསྡུར་ན་ཉུང་དུ་ཕྱིན་པ་དང་། བདེ་འཇགས་ཐོན་སྐྱེད་ཀྱི་ལས་འཛོལ་ཅུང་ཆེ་བ་དང་དེ་ཡན་གྱི་བདེ་འཇགས་ཐོན་སྐྱེད་ཀྱི་ལས་འཛོལ་ཐོན་མེད་ཅེས་ནན་གསུངས་གནང་བ་རེད།

དགྲ་འདུལ་གྱིས། ཆབ་སྲིད་ལ་མཐོང་ཆེན་བྱེད་པའི་མཐོ་ཚད་ནས་ཐོན་སྐྱེད་བདེ་འཇགས་ཀྱི་ལས་དོན་དེ་དོན་ཆེན་ཨང་དང་པོར་བརྩིས་ནས་དམ་འཛིན་བྱས་ཏེ།མངོན་མེད་རྐྱེན་ངན་གྲལ་བཤེར་གནད་ལ་འཁེལ་བ་དང་ལྟ་སྐུལ་དོ་དམ་བྱེད་ཐབས་ནུས་ལྡན་ཡོང་བའི་འགན་ལེན་ཏན་ཏིག་བྱེད་དགོས་པ་དང་།ཐོན་སྐྱེད་དང་བདེ་འཇགས། བདེ་འཇགས་དང་ཕན་འབྲས། བདེ་འཇགས་དང་བརྟན་ལྷིང་བཅས་ཀྱི་འབྲེལ་བ་ཐག་གཅོད་ཡག་པོ་བྱེད་དགོས། ཐོན་སྐྱེད་བདེ་འཇགས་ཀྱི་རྩ་བཅོས་འགག་སྒྲོལ་ལོ་གསུམ་གྱི་ལས་དོན་ལ་དམིགས་ནས་འགག་རྩར་དམ་འཛིན་དང་ཞིབ་བཤེར་ལ་ཤུགས་སྣོན་བརྒྱབ་སྟེ་གཙོ་གནད་ཁྱབ་ཁོངས་ཀྱི་མངོན་མེད་རྐྱེན་ངན་གྲལ་བཤེར་བྱེད་ཤུགས་ཆེ་རུ་གཏོང་དགོས། ཞིབ་ཕྲ་ཡོང་རྒྱུར་སྣང་ཆེན་དང་ལྟ་སྐུལ་དོ་དམ་བྱེད་ཤུགས་ཆེ་རུ་བཏང་སྟེ།གཙོ་གནད་ཁྱབ་ཁོངས་ཁག་གི་ལས་འཛོལ་སྔོན་འགོག་བྱ་ཐབས་དོན་འཁྱོལ་བྱེད་དགོས། ཐོན་སྐྱེད་བདེ་འཇགས་སྐོར་གྱི་ལས་འཛོལ་གྱི་འགན་འཁྲི་བདའ་འདེད་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཁྲིམས་ལུགས་ཁྲིམས་སྲོལ་གྱི་གཟབ་ནན་རང་བཞིན་ཆེ་རུ་གཏོང་བ། ཐོག་མཐའ་བར་གསུམ་དུ་དོ་དམ་ནན་པོ་དང་ཆད་པ་གཅོད་པའི་རྣམ་པ་རྒྱུན་འཁྱོངས་བཅས་བྱེད་དགོས། ཐོན་སྐྱེད་བདེ་འཇགས་ཀྱི་དྲིལ་བསྒྲགས་སློབ་གསོ་མུ་མཐུད་ཡག་པོ་བསྒྲུབས་ནས་ཁེ་ལས་བདེ་འཇགས་ཀྱི་ཆུ་ཚད་མཐོ་རུ་གཏོང་བ་དང་དམངས་ཡོངས་ཀྱི་ཐོན་སྐྱེད་བདེ་འཇགས་ཀྱི་འདུ་ཤེས་ཟབ་ཏུ་གཏོང་བ།གྲོང་ཁྱེར་ཡོངས་ཀྱི་ཐོན་སྐྱེད་བདེ་འཇགས་ཀྱི་དུས་བབ་རྒྱུན་མཐུད་བརྟན་ལྷིང་ཡོང་བར་རྨང་གཞི་བརྟན་པོ་འདིང་བ་བཅས་བྱེད་དགོས་ཞེས་བླང་བྱ་བཏོན་པ་རེད།

ཚོགས་འདུ་དེ་བརྙན་ལམ་རྣམ་པའི་ཐོག་ནས་འཚོགས་པ་རེད། གྲོང་ཁྱེར་བདེ་འཇགས་ཨུ་ལྷན་གྱི་ཁོངས་གཏོགས་སྡེ་ཚན་གྱི་འགན་འཁུར་བློ་མཐུན་གཙོ་བོ་ཚོགས་ར་གཙོ་བོའི་ཚོགས་འདུར་ཞུགས་ཡོད། རྫོང(ཆུས)ཁག་དང་ནུས་པའི་གླིང་ཁུལ་ཁག་གི་འབྲེལ་ཡོད་འགན་འཁུར་བློ་མཐུན་ཡན་ལག་ཚོགས་རར་ཞུགས་ཡོད།

(ལྷག་པ་ཚེ་རིང་གིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-08-25 6 6 拉萨日报藏文 c186728.html 1 གྲོང་ཁྱེར་ཡོངས་ཀྱི་ཐོན་སྐྱེད་བདེ་འཇགས་ལས་དོན་གྱི་བཀོད་གཏོང་ཚོགས་འདུ་འཚོགས་པ། /enpproperty-->