ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཟླ་8ཚེས་22ཉིན། ཀྲུང་གོ་གུང་ཁྲན་ཏང་ལྷ་ས་གྲོང་ཁྱེར་ཨུ་ཡོན་ལྷན་ཁང་སྐབས་བཅུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བརྒྱད་པའི་ནང་ཞུགས་མཁན་གྱི་འཐུས་མི་ཚོ་ཚོགས་ཆུང་8ལ་བགོས་ནས། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཨུ་ཡོན་དང་། ལྷ་ས་གྲོང་ཨུད་ཀྱི་ཧྲུའུ་ཅི་ཤའོ་ཡིའུ་ཚའེ་ཡིས་གྲོང་ཨུད་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་མངགས་བཅོལ་ལྟར་གནང་བའི་ལས་དོན་སྙན་ཞུ་དང་།《ཀྲུང་གུང་ལྷ་ས་གྲོང་ཁྱེར་ཨུ་ཡོན་ལྷན་ཁང་གི་ལག་བསྟར་ཇུས་གཞི(གྲོས་བསྡུར་མ་ཟིན)》 དེ་བཞིན་ཤའོ་ཡིའུ་ཚའེ་ཡིས་ཚང་འཛོམས་གྲོས་ཚོགས་ཐོག་གནང་བའི་གསུང་བཤད་ཀྱི་དགོངས་དོན་སོགས་ལ་དམིགས་ནས་གྲོས་བསྡུར་གནང་བ་རེད།
གྲོང་ཁྱེར་གྱི་འགོ་ཁྲིད་ཝང་ཆང་དང་། ཝང་མིང་ཀྲེ། ཀྲའོ་ཧུའེ་ཉན། ཁྲེན་ཅིང་། ཧོ་ཕུང་། འཇམ་དབྱངས་བློ་གྲོས།དགྲ་འདུལ། ཀྲང་ཏིང་ཁྲེང་། ལིན་ཡུང་། ཝང་ཧུའེ། ཞུས་ཧའེ། ལི་ཅང་ཞིན། སྐལ་བཟང་ཚེ་བརྟན། མ་ཝུན་ཆིང་བཅས་དང་། དེ་བཞིན་ས་ཁུལ་རིམ་པའི་འགོ་ཁྲིད་གཞོན་པ་ཀྲང་ཀྲེང་སོགས་རང་རང་སོ་སོའི་ཚོགས་ཆུང་ཁག་བགོས་ཀྱི་གྲོས་བསྡུར་ནང་ཞུགས་པ་རེད།
ཉིན་གཅིག་རིང་གི་གྲོས་རིམ་ཚགས་དམ་ཞིང་ཕན་འབྲས་ཆེ་བ་དང་། བརྗོད་དོན་མངོན་གསལ་དོད་ལ་ནང་དོན་ཕུན་སུམ་ཚོགས་པོ་ཡོད། གྲོས་བསྡུར་བྱེད་རིང་། ཚོགས་ཞུགས་འཐུས་མིས་གྲོང་ཨུད་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལས་དོན་སྙན་ཞུར་ཚད་མཐོའི་གདེང་འཇོག་གནང་བ་དང་། ཚང་མས་སྙན་ཞུའི་ནང་དོན་ཞིབ་ཅིང་ཕྲ་བ་དང་། བསམ་ཕྱོགས་ཁ་གསལ་བ། བྱ་ཐབས་ནུས་ལྡན་ཡིན་པ་བཅས་ཡིན་པར་མ་ཟད།གྲོང་ཨུད་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ལྷ་ས་གྲོང་ཁྱེར་གྱི་ལས་དོན་ཁག་ལ་འགོ་ཁྲིད་བྱེད་པའི་ཁྲོད་ཐོབ་པའི་གྲུབ་འབྲས་མངོན་གསལ་དོད་པོ་དང་ཆོད་སེམས་བརྟན་པོ་ཡིན་པ་ངོས་འཛིན་གནང་བ་རེད།
འདམ་གཞུང་རྫོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་རྫོང་དཔོན་ཧུའུ་ཁེ་ཡིས་ཧྲུའུ་ཅི་ཤའོ་ཡིའུ་ཚའེ་ཡིས་གནང་བའི་གསུང་བཤད་ལ་ཉན་རྗེས་སྐུལ་མ་ཆེན་པོ་ཐེབས་བྱུང་། གསུང་བཤད་ཀྱི་ནང་དོན་ཁྲོད་གྲུབ་འབྲས་ཕྱོགས་བསྡོམས་ཞིབ་ཕྲ་བྱས་འདུག་ལ་ཉམས་མྱོང་ཕྱོགས་བསྡུས་ཀྱང་བྱས་འདུག བརྗིད་ཉམས་ཆེ་བའི་འབད་འཐབ་དམིགས་ཚད་འདུག་ལ་ཚན་རིག་དང་མཐུན་པའི་སྐུལ་འདེད་བྱེད་ཐབས་ཀྱང་འདུག ཕྱིར་ལོག་རྗེས། ངས་རྫོང་ཡོངས་ཀྱི་ལས་བྱེད་པ་དང་ལས་བཟོ་བའི་སྣེ་ཁྲིད་དེ་ད་ཐེངས་ཀྱི་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ལ་སློབ་སྦྱོང་ཡག་པོ་དང་ལག་ལེན་མཐར་ཕྱིན་བྱས་ཏེ། འདམ་གཞུང་རྫོང་གི་ལས་དོན་ཁག་མདུན་དུ་བསྐྱོད་པ་དང་མིག་དཔེ་སྟོན་རྒྱུར་སྐུལ་འདེད་གཏོང་རྒྱུ་ཡིན་ཞེས་བཤད་པ་རེད།
ཚང་མས《ཕྱོགས་ཡོངས་ནས་སྒྱུར་བཅོས་སྔར་བས་ཟབ་ཏུ་བཏང་སྟེ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་ལྷ་སའི་ལག་ལེན་སྐོར་གྱི་ལག་བསྟར་ཇུས་གཞི(གྲོས་བསྡུར་མ་ཟིན)》ལ་ཁས་ལེན་དང་རྒྱབ་སྐྱོར་གང་ལེགས་གནང་བ་དང་། ཇུས་གཞི་དེ་ནི་ལྷ་ས་གྲོང་ཁྱེར་གྱིས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དང་། རང་སྐྱོང་ལྗོངས་ཏང་ཨུད་སྐབས་བཅུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པ་དང་། ལྷ་ས་གྲོང་ཁྱེར་གྱིས་ཕྱོགས་ཡོངས་ནས་སྒྱུར་བཅོས་སྔར་བས་གཏིང་ཟབ་ཏུ་གཏོང་བའི་བྱེད་ཐབས་གལ་ཆེན་ཞིག་ཡིན་པས། མཛུབ་ཁྲིད་ཀྱི་དོན་སྙིང་ཧ་ཅང་གལ་ཆེན་ལྡན་པའི་ངོས་འཛིན་གནང་བ་རེད།
སྟག་རྩེ་ཆུས་ཨུད་ཀྱི་རྒྱུན་ལས་ཨུ་ཡོན་དང་། འཐབ་ཕྱོགས་གཅིག་གྱུར་པུའི་པུའུ་ཀྲང་སྤེན་པ་ཚེ་རིང་གིས་ཧྲུའུ་ཅི་ཤའོ་ཡིའུ་ཚའེ་ཡིས་གནང་བའི་སྙན་ཞུའི་ཚུགས་གནས་མཐོ་བ་དང་། ངེས་གནས་གནད་ལ་འཁེལ་བ། ཁྲིད་སྟོན་ཁ་གསལ་བ། ནང་དོན་དོན་དངོས་ཡིན་པ་བཅས་ཀྱིས་ང་ཚོས་ཕྱིས་འབྱུང་གི་ལས་དོན་སྤེལ་རྒྱུར་རྩ་བའི་གཞི་འཛིན་ས་མཁོ་འདོན་བྱས་ཡོད། ཕྱིས་འབྱུང་། ངས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ལ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ། ཚང་འཛོམས་གྲོས་ཚོགས་ཀྱི་བཀོད་སྒྲིག་གཞིར་བཟུང་རང་ངོས་ཀྱི་ལས་གནས་དང་ཟུང་འབྲེལ་བྱས་ནས་ལས་དོན་ཁག་ཡག་པོ་སྤེལ་རྒྱུ་ཡིན་ཞེས་བཤད་པ་རེད།
ཚང་མས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་དམ་ཟབ་བྱེད་པ་དང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་དང་། རང་སྐྱོང་ལྗོངས་ཏང་ཨུད་སྐབས་བཅུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་སེམས་སུ་གཏིང་ཟབ་འཇགས་པར་བྱེད་པར་མ་ཟད། གྲོང་ཨུད་ཀྱི་སྐབས་བཅུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བརྒྱད་པའི་དགོངས་དོན་གྱི་ལས་ཀའི་འཆར་གཞི་ལ་བརྩི་སྲུང་ཡང་ཞུས་ཏེ། ཏན་ཏན་ཏིག་ཏིག་དང་འབད་བརྩོན་གྱིས་སྒྱུར་བཅོས་བྱེད་ཐབས་ཁག་གནད་ལ་འཁེལ་བའི་སྒོ་ནས་དོན་འཁྱོལ་ཡོང་བའི་འགན་ལེན་བྱ་རྒྱུ་དང་། ལྷ་སའི་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་ཡིན་ཞེས་བཤད་པ་རེད།
(པདྨ་རྒྱལ་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社