(པར་ངོས་དང་པོར་མཐུད)
དེ་ནི་སྔ་འཛིན་ཕྱི་གཏོད་ཀྱི་ཚོགས་འདུ་གལ་ཆེན་ཞིག་ཡིན་ལ་ཐུན་མོང་གི་ངོས་འཛིན་གཅིག་ཏུ་བསྒྲིལ་བ་དང་འབྱུང་འགྱུར་ལ་འཆར་འགོད་བྱེད་པའི་ཚོགས་འདུ་གཟབ་རྒྱས་ཤིག་ཀྱང་རེད། ཚོགས་འདུའི་ཐོག ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ།ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དང་རང་སྐྱོང་ལྗོངས་ཏང་ཨུད་སྐབས་བཅུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་དོན་འཁྱོལ་གཏིང་ཟབ་བྱས་པ་དང་། གྲོང་ཨུད་རྒྱུན་ལས་ཨུ་ལྷན་གྱི་ལས་དོན་སྙན་ཞུར་ཉན་པ། 《ཕྱོགས་ཡོངས་ནས་སྒྱུར་བཅོས་སྔར་བས་ཟབ་ཏུ་བཏང་སྟེ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་ལྷ་སའི་ལག་ལེན་སྐོར་གྱི་ལག་བསྟར་ཇུས་གཞི》ལ་ཞིབ་འཇུག་དང་གྲོས་ཞིབ་བྱས་པ། ཕྱོགས་ཡོངས་ནས་སྒྱུར་བཅོས་སྔར་བས་ཟབ་གཏོང་གི་ལས་དོན་ཁག་ལ་བཀོད་སྒྲིག་བྱས་ཡོད་ལ། སྐྱེད་ཁམས་ལ་བརྟེན་ནས་གྲོང་ཁྱེར་འཛུགས་སྐྱོང་དང་། རིག་གནས་ལ་བརྟེན་ནས་གྲོང་ཁྱེར་དར་རྒྱས་གཏོང་བ། ཐོན་ལས་ལ་བརྟེན་ནས་གྲོང་ཁྱེར་སྟོབས་ཆེར་གཏོང་བ། ཁྲིམས་ལ་བརྟེན་ནས་གྲོང་ཁྱེར་སྐྱོང་བ། བརྟན་ལྷིང་ལ་བརྟེན་ནས་གྲོང་ཁྱེར་བདེ་འཁོད་ཡོང་བར་བྱེད་པ་བཅས་ཀྱི་རྩ་དོན་ལྔར་དམིགས་ཏེ། གྲོང་ཁྱེར་ཡོངས་ཀྱི་གོང་འོག་ཚང་མར་སྐུལ་སློང་བྱས་ནས་ཡིད་ཆེས་བརྟན་གཏོང་དང་ངེས་གནས་རྒྱུན་འཁྱོངས་བྱས་པ་དང་། གཟེར་འདེབས་ཀྱི་སྙིང་སྟོབས་ལ་བརྟེན་ནས་སྒྱུར་བཅོས་དོན་འཁྱོལ་ལ་དམ་འཛིན་བྱས་ཐོག་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བར་ལྷ་སའི་ལག་ལེན་གྱིས་ལེགས་སྐྱེས་གསར་པ་དེ་བས་ཆེ་བ་འབུལ་དགོས་པའི་བཀོད་སྒྲིག་བྱས་པ་རེད།
ཚོགས་ཆེན་ཐོག གྲོང་ཨུད་སྐབས་བཅུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བདུན་པ་འཚོགས་ཚུན། གྲོང་ཁྱེར་ཡོངས་ཀྱི་བྱ་གཞག་ཁག་གི་འཕེལ་རྒྱས་ཐད་ཐོབ་པའི་གྲུབ་འབྲས་ལ་ཕྱོགས་ཡོངས་ནས་ཕྱོགས་བསྡོམས་བྱས་པ་དང་། མིག་སྔར་ལྷ་ས་གྲོང་ཁྱེར་ལ་འཕྲད་པའི་དུས་བབ་དང་ལས་འགན་ལ་དབྱེ་ཞིབ་གཏིང་ཟབ་བྱས་པ། ཚན་རིག་དང་མཐུན་པའི་སྒོ་ནས་འབྱུང་འགྱུར་དུས་སྐབས་ཤིག་རིང་གི་འཕེལ་རྒྱས་ཀྱི་འཆར་གཞི་ཇུས་འགོད་བྱས་པ་བཅས་ཀྱིས་ལྷ་ས་གྲོང་ཁྱེར་གྱིས་ཕྱོགས་ཡོངས་ནས་སྒྱུར་བཅོས་སྔར་བས་གཏིང་ཟབ་ཏུ་གཏོང་བ་དང་། ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་མགྱོགས་སུ་གཏོང་བའི་ངོས་ནས་བརྗོད་ན་ནུས་པ་གལ་ཆེན་ཐོན་ཡོད།
ཚང་འཛོམས་གྲོས་ཚོགས་འཚོགས་པ་དེས་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་གང་ལེགས་མཚོན་ཡོད་ལ་ལྷ་ས་གྲོང་ཨུད་ཀྱིས་གྲོང་ཁྱེར་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ནས་ཐུན་མོང་ཐོག་འཕེལ་རྒྱས་དོན་གཉེར་དང་ཐུན་མོང་ཐོག་འབྱུང་འགྱུར་གཏོད་པའི་ཡིད་ཆེས་དང་ངར་ཤུགས་ཀྱང་མཚོན་ཡོད། ཚོགས་འདུ་འཚོགས་རིང་། ཚོགས་ཞུགས་བློ་མཐུན་ཚོས་ལྷ་སའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་གནད་དོན་གལ་ཆེན་ལ་དམིགས་ནས་ནན་ཏན་ངང་རང་འགན་གཙང་སྒྲུབ་དང་། ཧུར་བརྩོན་ཆེན་པོས་ཐབས་འདོན་ཇུས་འབུལ་བྱས་ཏེ།ཐུན་མོང་ཐོག་འཕེལ་རྒྱས་དོན་གཉེར་བྱེད་པའི་ནུས་ཤུགས་ཆེན་པོ་གཅིག་ཏུ་བསྒྲིལ་པ་དང་།ལྷ་སའི་འབྱུང་འགྱུར་གྱི་སྒྱུར་བཅོས་དང་འཕེལ་རྒྱས་ཀྱི་སྤྱིའི་བསམ་ཕྱོགས་དང་། དམིགས་ཚད་དང་ལས་འགན། བྱ་ཐབས་གཙོ་གནད་བཅས་ཁ་གསལ་བཟོས་པ་རེད།
ཆར་རླུང་ཁྲོད་དུ་བསྐྱོད་དེ་ཕུགས་བསམ་སྔར་ལས་བརྟན་དུ་གཏོང་བ་དང་། རྟ་མཆོག་སྐུལ་ཏེ་ཐབས་ལམ་རིང་པོར་སྐྱོད། མིག་སྔ་དང་སླད་ཕྱིན་གྱི་དུས་སྐབས་ཤིག་རིང་ནི་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་གཙོ་དོན་ལ་དམ་པོར་དམིགས་ནས་སྐུལ་འདེད་གཏོང་བ་དང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་མུ་མཐུད་ནས་འཐུས་ཚང་དང་འཕེལ་རྒྱས་གཏོང་བ། རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་འགྱུར་བར་བྱེད་པའི་སྤྱིའི་དམིགས་འབེན་ལ་སྐུལ་འདེད་གཏོང་བའི་འགག་རྩའི་དུས་སྐབས་ཤིག་ཡིན་ལ། མཐུན་སྒྲིལ་དང་། འབྱོར་ཕྱུག ཤེས་དཔལ། ཞི་མཐུན། མཛེས་སྡུག་བཅས་ལྡན་པའི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་ལྷ་ས་གསར་པ་འཛུགས་སྐྲུན་བྱེད་པའི་དུས་སྐབས་གལ་ཆེན་ཞིག་ཀྱང་ཡིན། ཚོགས་ཆེན་གྱིས་སྐྱེ་ཁམས་ལ་བརྟེན་ནས་གྲོང་ཁྱེར་འཛུགས་པ་དང་། རིག་གནས་ལ་བརྟེན་ནས་གྲོང་ཁྱེར་དར་རྒྱས་གཏོང་བ། ཐོན་ལས་ལ་བརྟེན་ནས་གྲོང་ཁྱེར་སྟོབས་ཆེར་གཏོང་བ། ཁྲིམས་ལ་བརྟེན་ནས་གྲོང་ཁྱེར་སྐྱོང་བ། བརྟན་ལྷིང་ལ་བརྟེན་ནས་གྲོང་ཁྱེར་བདེ་འཁོད་ཡོང་བ་བཅས་ཀྱི་རྩ་དོན་ལྔ་གཞིར་བཟུང་། ཕྱོགས་ལྔའི་ཐད་ནས་རང་གྲོང་གི་སྒྱུར་བཅོས་ལས་དོན་ལ་ཁྱོན་ཡོངས་ནས་བཀོད་སྒྲིག་བྱས་ཤིང་། དེ་ནི་ལྷ་སའི་གནས་ཚུལ་དངོས་དང་མཐུན་པར་མ་ཟད། དུས་རབས་ཀྱི་བླང་བྱ་དང་མི་དམངས་ཀྱི་རེ་འདོད་ཀྱང་མཚོན་ནས་ལྷ་སའི་འབྱུང་འགྱུར་གྱི་འཕེལ་རྒྱས་ལ་ཁ་ཕྱོགས་གསལ་སྟོན་དང་སྒུལ་ཤུགས་མཁོ་འདོན་བྱས་ཡོད།
སྟོང་བཤད་ཀྱིས་རྒྱལ་ཁབ་ཀྱི་ལས་དོན་འཐུས་ཤོར་དུ་འགྲོ། དངོས་སུ་བྱ་གཞག་བསྒྲུབས་ནས་རྒྱལ་ཁབ་དར་རྒྱས་གཏོང་དགོས། ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་དེ་ལྷ་སའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྒུལ་ཤུགས་ཆེན་པོ་ཞིག་ཏུ་འགྱུར་ཐུབ་མིན་གྱི་འགག་རྩ་ནི་དམ་པ་དོན་གཉེར་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱ་རྒྱུར་ཐུག་ཡོད། ང་ཚོས་དུས་གཏན་ལྔ་ལ་དམིགས་པ་དང་། རྩ་དོན་ལྔ་མཐའ་འཁྱོངས། འབྲེལ་བ་ཆ་ལྔ་ཁོང་དུ་ཆུད་པ་བཅས་བྱས་ཏེ། གཟེར་འདེབས་ཀྱི་སྙིང་སྟོབས་ལ་བརྟེན་ནས་བྱ་བ་རེ་རེ་གཅིག་རྗེས་གཉིས་མཐུད་དུ་བསྒྲུབས་ནས་ཐབས་ཇུས་དང་བཀོད་སྒྲིག་ཁག་རྩ་བ་ཚུགས་པ་དང་གྲུབ་འབྲས་ཐོན་རྒྱུར་འགན་ལེན་བྱེད་དགོས། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་མཐའ་འཁྱོངས་བྱས་ཏེ། མི་དམངས་མང་ཚོགས་ཀྱིས་སེམས་ཁུར་ཆེ་ཤོས་དང་། ཆེས་ཐད་ཀ་དང་ཆེས་དོན་དངོས་ཀྱི་ཁེ་ཕན་གྱི་གནད་དོན་ཐག་གཅོད་ཏན་ཏིག་བྱས་ཐོག་མི་དམངས་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་སྣང་བཅས་ཟམ་མི་ཆད་པར་ཇེ་ཆེར་གཏོང་དགོས། ཕྱོགས་ཡོངས་ནས་ཏང་ནན་སྐྱོང་ལ་སྐུལ་འདེད་གཏིང་ཟབ་གཏོང་བ་དང་། ཏང་གི་ཆབ་སྲིད་འཛུགས་སྐྱོང་དང་། བསམ་བློ་འཛུགས་སྐྱོང་། རྩ་འཛུགས་འཛུགས་སྐྱོང་། སྤྱོད་ཚུལ་འཛུགས་སྐྱོང་། སྒྲིག་ཁྲིམས་འཛུགས་སྐྱོང་བཅས་ལ་ཤུགས་སྣོན་བརྒྱབ་སྟེ་ལམ་ལུགས་འཛུགས་སྐྱོང་དེའི་ནང་ཁྱབ་པ་དང་། རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་གཏིང་ཟབ་ཏུ་བཏང་ཐོག་སྤྱོད་གཙང་གཞུང་དྲང་གི་ཆབ་སྲིད་ཀྱི་ཁོར་ཡུག་ཅིག་གཏོད་དགོས།
ལམ་ཐག་རིང་ནའང་བསྐྱོད་ཚེ་ཐག་ཇེ་ཉེར་འགྲོ་ཐུབ་ལ། བྱ་བར་དཀའ་ངལ་ཆེ་ནའང་བསྒྲུབ་ན་འགྲུབ་ངེས་ཡིན། ང་ཚོས་ད་ཐེངས་ཀྱི་ཚོགས་འདུ་གོ་སྐབས་སུ་བྱས་ཏེ། བསམ་བློ་དང་བྱ་སྤྱོད་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ཐོག་གཅིག་གྱུར་ཏན་ཏིག་བྱེད་པ་དང་། བློ་གྲོས་དང་སྟོབས་ཤུགས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ཁྱོན་ཡོངས་ནས་དོན་འཁྱོལ་བྱེད་པའི་བྱ་སྤྱོད་ཐོག་གཅིག་གྱུར་བྱས་ནས་སྔར་བས་ཡིད་ཆེས་བརྟན་གཏོང་དང་། སྙིང་སྟོབས་ཡར་འཕེལ། ལས་ཀ་ཏན་ཏིག་སྒྲུབ་པ། དཔའ་ངར་ཆེན་པོས་སྔོན་ཐོན་བརྩོན་ལེན་བཅས་བྱེད་དགོས་ཤིང་།ལྷ་སའི་ཡུན་རིང་བདེ་འགོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་མངོན་འགྱུར་ཡོང་ཆེད་ལེགས་སྐྱེས་གསར་པ་དེ་བས་ཆེ་བ་འབུལ་དགོས།
ང་ཚོས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་དམ་ཟབ་བྱས་ཏེ། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་སྲ་ཞིང་བརྟན་པའི་འགོ་ཁྲིད་འོག་སྒྱུར་བཅོས་སྒོ་དབྱེའི་དར་ཆ་མཐོན་པོར་བསྒྲེངས་ནས་བསམ་བློར་བཅིངས་འགྲོལ་དང་། འདུ་ཤེས་གསར་སྒྱུར། ཡིད་ཆེས་བརྟན་གཏོང་། འགག་སྒྲོལ་དཀའ་སེལ་བཅས་བྱེད་དགོས། སྔར་བས་དཔའ་ངར་ཆེར་བསྐྱེད་ཀྱིས་འཐབ་རྩོད་བྱེད་པའི་སྙིང་སྟོབས་དང་། སྔར་བས་དངོས་སྒྲུབ་ཀྱི་སྤྱོད་ཚུལ། སྔར་བས་ནུས་ལྡན་གྱི་བྱེད་ཐབས་བཅས་ལ་བརྟེན་ནས་ཕྱོགས་ཡོངས་ནས་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ་དང་། ལྷ་སའི་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་འབད་བརྩོན་ཆེན་པོས་སྐུལ་འདེད་བཏང་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱེད་པར་ལྟེ་བའི་གྲོང་ཁྱེར་གྱིས་ལེགས་སྐྱེས་འབུལ་དགོས་ལ། ཕུལ་བྱུང་གི་གྲུབ་འབྲས་ལ་བརྟེན་ནས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་ངོ་75འཁོར་བར་བསུ་བའང་ཞུ་དགོས།
(བསྟན་རྡོར་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社