གྲོང་ཁྱེར་ཡོངས་ཀྱི་གོང་ཚང་མས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དང་རང་སྐྱོང་ལྗོངས་ཏང་ཨུད་སྐབས་བཅུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་ལ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་ཚ་རླབས་མུ་མཐུད་འཕྱུར་བའི་དུས་འདིར། ཟླ་8ཚེས་22ཉིན། ཀྲུང་གོ་གུང་ཁྲན་ཏང་ལྷ་ས་གྲོང་ཁྱེར་ཨུ་ཡོན་ལྷན་ཁང་སྐབས་བཅུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བརྒྱད་པ་རྒྱལ་ཁའི་ངང་འཚོགས་ཏེ། འཆར་གཞི་བཀོད་པ་དང་། འབད་འཐབ་ལ་ལྕག་སྐུལ། ལེའུ་གསར་པ་རྩོམ་པ་བཅས་བྱས་ནས་ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་གཏོང་དང་། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་ལྷ་སའི་ལག་ལེན་གྱི་དུང་བརྡ་བསྒྲགས་པ་རེད།
སྔ་དྲོའི་ཆུ་ཚོད་9དང་སྐར་མ་30ཡི་ཐོག་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་ལྷ་ས་གྲོང་ཨུད་ཀྱི་ཧྲུའུ་ཅི་ཤའོ་ཡིའུ་ཚའེ་ཡིས་གྲོང་ཨུད་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚབ་ཞུས་ནས་ལས་དོན་སྙན་སྒྲོན་གནང་བ་དང་འབྲེལ《ཕྱོགས་ཡོངས་ནས་སྒྱུར་བཅོས་སྔར་བས་ཟབ་ཏུ་བཏང་སྟེ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་ལྷ་སའི་ལག་ལེན་སྐོར་གྱི་ལག་བསྟར་ཇུས་གཞི(གྲོས་བསྡུར་མ་ཟིན)》ཚང་འཛོམས་གྲོས་ཚོགས་ལ་གསལ་བཤད་གནང་བ་དང་། ཚོགས་ཞུགས་བློ་མཐུན་ཚོས་བློ་རྩེ་གཅིག་སྒྲིམ་གྱིས་ཉན་ཞིང་བསམ་གཞིགས་ནན་ཏན་བྱས་ནས་སྤྲོ་སེམས་འཁོལ་པོས་དགའ་བསུ་ཞུས་པ་རེད།
ལྷ་ས་གྲོང་ཁྱེར་མ་འཇོག་སྐུལ་འདེད་ཅུས་ཀྱི་ཅུས་ཀྲང་ལིའི་མའེ་ཡིས། ལྷ་ས་གྲོང་ཨུད་སྐབས་བཅུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བརྒྱད་པ་འཚོགས་པ་དེ་ནི་གྲོང་ཁྱེར་ཡོངས་ཀྱིས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དང་རང་སྐྱོང་ལྗོངས་ཏང་ཨུད་སྐབས་བཅུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་ཕྱོགས་ཡོངས་ནས་དོན་འཁྱོལ་བྱེད་པའི་སྐབས་སུ་འཚོགས་པའི་ཚོགས་འདུ་ཧ་ཅང་གལ་ཆེན་ཞིག་རེད། མ་འཇོག་ལ་སྐུལ་འདེད་གཏོང་བའི་ཚན་པ་ཞིག་ཡིན་པའི་ངོས་ནས་རྗེས་མར་ང་ཚོས་ཚོང་འགུགས་མ་འདྲེན་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཐོན་ལས་ཆེན་པོ་དགུ་དང་བཟོ་ལས་རིགས་བརྒྱད། ལས་རྣམ་རིགས་ལྔའི་ཁུལ་བཅས་ལ་དམིགས་པ། ནུས་པའི་གླིང་ཁུལ་ཆེན་པོ་དང་རྫོང(ཆུས)གི་དོན་དངོས་ལ་གཞིགས་ནས་ཐོན་ལས་ཀྱི་ལེགས་ཆ་གནད་འཁེལ་འཚོལ་བ་དང་ཐོན་ཁུངས་ནུས་སྤྲོད་བཅས་བྱས་ཏེ་ལྷ་སའི་དཔལ་འབྱོར་འཕེལ་རྒྱས་ལ་སྒུལ་ནུས་གསར་པ་སྣོན་རྒྱུ་ཡིན་ཞེས་བཤད།
《ཕྱོགས་ཡོངས་ནས་སྒྱུར་བཅོས་སྔར་བས་ཟབ་ཏུ་བཏང་སྟེ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་ལྷ་སའི་ལག་ལེན་སྐོར་གྱི་ལག་བསྟར་ཇུས་གཞི》ནི་ཧྲུའུ་ཅི་ཤའོ་ཡིའུ་ཚའེ་ཡིས་གཙོ་བོ་གནང་བའི་གྲོང་ཨུད་རྒྱུན་ལས་ཨུ་ལྷན་གྱིས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་འཁྱོལ་བྱེད་པའི་མིག་ལྟོས་ཀྱི་བྱས་འབྲས་ཤིག་དང་། རང་སྐྱོང་ལྗོངས་ཏང་ཨུད་སྐབས་བཅུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་དོན་འཁྱོལ་བྱེད་པའི་ལམ་ལུགས་ཀྱི་བྱས་འབྲས་ཤིག་ཡིན་ལ། ཕྱོགས་ཡོངས་ནས་ལྷ་སའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ལས་འགན་བསྒྲུབས་པའི་བྱས་འབྲས་ཤིག་ཀྱང་ཡིན་པས་དོན་སྙིང་གལ་ཆེན་ལྡན་པ་དང་ཤུགས་རྐྱེན་ཟབ་མོ་ལྡན་ཡོད། ཆུ་ཤུར་རྫོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་རྫོང་དཔོན་ཐང་ཀོན་ཀྲུང་གིས་ཆུ་ཤུར་རྫོང་གིས་ད་ཐེངས་ཀྱི་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ལ་ཕྱོགས་ཡོངས་ནས་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བསྟར་ཏེ་ལེགས་ཆའི་ཐོན་ལས་ལ་དམིགས་པ་དང་།འཕེལ་རྒྱས་ཀྱི་བསམ་ཕྱོགས་གསལ་པོ་བཟོ་བ།སྒྱུར་བཅོས་གསར་གཏོད་ལ་དམིགས་པ།ཐོན་སྐྱེད་ནུས་ཤུགས་གསར་པ་འཕེལ་རྒྱས་གཏོང་བ།ལས་འགན་དོན་འཁྱོལ་ལ་དམིགས་པ།ལས་ཀའི་སྤྱོད་ཚུལ་ལེགས་སུ་གཏོང་བ་བཅས་བྱས་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ལྷ་སའི་ལག་ལེན་ལ་སྐུལ་འདེད་གཏོང་བའི་ཁྲོད་མིག་དཔེ་སྟོན་རྒྱུ་ཡིན་ཞེས་གསུངས་པ་རེད།
ད་ཐེངས་གྲོང་ཨུད་སྐབས་བཅུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བརྒྱད་པའི་ཐོག་གྲོས་བསྡུར་བྱ་རྒྱུར་ཕུལ་བའི《ཕྱོགས་ཡོངས་ནས་སྒྱུར་བཅོས་སྔར་བས་ཟབ་ཏུ་བཏང་སྟེ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་ལྷ་སའི་ལག་ལེན་སྐོར་གྱི་ལག་བསྟར་ཇུས་གཞི(གྲོས་བསྡུར་མ་ཟིན)》ནང་ཏང་ཀྲུང་དབྱང་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་སྒྱུར་བཅོས་བྱེད་ཐབས་གལ་ཆེན་གྱི་ཚད་གཞི་དང་ཡང་ཡང་བསྡུར་བ་དང་། རང་གྲོང་གི་དོན་དངོས་དང་ཟུང་འབྲེལ་དམ་ཟབ་བྱས་ནས་འབྱུང་ཁམས་ལ་བརྟེན་ནས་གྲོང་ཁྱེར་འཛུགས་པ་དང་། རིག་གནས་ལ་བརྟེན་ནས་གྲོང་ཁྱེར་དར་རྒྱས་གཏོང་བ། ཐོན་ལས་ལ་བརྟེན་ནས་གྲོང་ཁྱེར་སྟོབས་ཆེར་གཏོང་བ། ཁྲིམས་ལ་བརྟེན་ནས་གྲོང་ཁྱེར་སྐྱོང་བ། བརྟན་ལྷིང་ལ་བརྟེན་ནས་གྲོང་ཁྱེར་བདེ་འཁོད་བཅས་ཀྱི་རྩ་དོན་ལྔ་གཞིར་བཟུང་། ཕྱོགས་ལྔའི་ཐད་ནས་སྒྱུར་བཅོས་ཀྱི་ལས་དོན་ཕྱོགས་ཡོངས་ནས་བཀོད་སྒྲིག་བྱས་ཡོད། སྒྱུར་བཅོས་ཀྱི་བྱ་ཐབས་རེ་རེ་ཁ་གསལ་བ་དང་། བཀོད་སྒྲིག་གི་བླང་བྱ་རེ་རེས་མི་རྣམས་ལ་དཔའ་ངར་ཆེན་པོས་མདུན་སྐྱོད་བྱེད་པར་སྐུལ་ལྕག་བྱས་ཡོད།
ལྷ་ས་གྲོང་ཨུད་སྐབས་བཅུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བརྒྱད་པའི་ཚོགས་ཡུན་ཉིན་གཅིག་ཡིན་པ་དང་། ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་ལ་ཚོགས་ཆུང་བགོས་ནས་གྲོས་བསྡུར་ཐེངས་གཉིས་བྱས་པས་དུས་ཚོད་ཛ་དྲག་ལ་ནང་དོན་ཕུན་སུམ་ཚོགས་པོ་ཡོད། ཚོགས་ཞུགས་བློ་མཐུན་ཚོས་བསམ་གཞིགས་གཏིང་ཟབ་དང་། གཏམ་བཤད་ཧུར་ཐག་གནང་བ། ལས་ཀའི་དོན་དངོས་དང་ཟུང་འབྲེལ་བྱས་ནས་ཞིབ་བསྡུར་ཧུར་ཐག་གནང་བ། ཞིབ་བསྡུར་ཡང་ཡང་གནང་བ་བཅས་ཀྱི་སྒོ་ནས་ཚང་མས་ལྷ་སའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཆེད་བཀོད་སྒྲིག་དང་ཇུས་འདོན་བྱས་ཡོད། ལྷ་སའི་མཐོ་གསར་ཁུལ་དོ་དམ་ཨུ་ལྷན་གྱི་ཀྲུའུ་རེན་ཟླ་བ་ཚེ་རིང་གིས་ལྷ་སའི་མཐོ་གསར་ཁུལ་འདི་སྒྱུར་བཅོས་ཀྱི་ཚོད་ལྟའི་ཞིང་ཁ་ལྟ་བུ་ཡིན་པའི་ངོས་ནས་རྗེས་མར་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ལ་སློབ་སྦྱོང་དང་ལག་བསྟར་ནན་ཏན་བྱ་རྒྱུ་དང་། སྲིད་ཇུས་དང་བྱ་ཐབས་ལ་ཞིབ་འཇུག་དང་གཏན་འབེབས་ནན་ཏན་བྱས་ཏེ་ཚོང་གཉེར་ཁོར་ཡུག་ལ་དམ་འཛིན་དང་ཐོན་ལས་ཀྱི་སྦྲེལ་ཐག་འཛུགས་པ་སོགས་ཐད་སྐུལ་འདེད་ནུས་ལྡན་གཏོང་རྒྱུ་ཡིན་ཞེས་བཤད།
གྲོང་ཨུད་སྐོར་ཞིབ་ཚོགས་ཆུང་གསུམ་པའི་ཙུའུ་ཀྲང་ལིའུ་ཡུས་ཧྥེང་གིས་སྐོར་ཞིབ་ཀྱི་ལས་བྱེད་པ་ཞིག་ཡིན་པའི་ངོས་ནས་སྐོར་གཟིགས་དང་སྐོར་ཞིབ་སྒྲིག་གཞིའི་འགན་འཁྲི་དང་ངེས་གནས་ལ་གཞི་ཚུགས་ཏེ། གྲོང་ཨུད་སྐབས་བཅུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བརྒྱད་པའི་དགོངས་དོན་ལ་སློབ་སྦྱོང་ཡག་པོ་དང་། དྲིལ་བསྒྲགས་ཡག་པོ། ལག་བསྟར་ཡག་པོ་བྱ་རྒྱུ་དེ་མིག་སྔ་དང་སླད་ཕྱིན་དུས་སྐབས་ཤིག་རིང་གི་ཆབ་སྲིད་ཀྱི་ལས་འགན་དང་ལས་ཀའི་གཙོ་གནད་ཞིག་ཏུ་བརྩིས་ནས་སྒྱུར་བཅོས་ཀྱི་བླང་བྱ་དོན་འཁྱོལ་ནན་པོ་བྱས་ཏེ།སྐོར་ཞིབ་ལས་དོན་ཚད་ལྡན་ཅན་དང་ཁྲིམས་སྐྱོང་ཅན་གྱི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་རྒྱུ་དང་།ཕྱོགས་ཡོངས་ནས་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བའི་གྲོང་ཨུད་ཀྱི་དམིགས་ཚད་དང་ལས་འགན་མངོན་འགྱུར་ཡོང་ཆེད་ཆབ་སྲིད་ཀྱི་ཁོར་ཡུག་དང་འཕེལ་རྒྱས་ཀྱི་ཁོར་ཡུག་བཟང་པོ་ཞིག་གཏོད་རྒྱུ་ཡིན་ཞེས་བཤད།
བརྒྱ་ཆ་བཅུ་བཀོད་སྒྲིག་དང་བརྒྱ་ཆ་དགུ་བཅུ་དོན་འཁྱོལ་ལ་རག་ལུས་ཡོད། ཚོགས་ཞུགས་བློ་མཐུན་ཚོས་བསམ་བློ་དང་བྱ་སྤྱོད་མགྱོགས་མྱུར་ངང་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དང་ལྗོངས་དང་གྲོང་ཁྱེར་ཏང་ཨུད་ཀྱི་ལས་ཀའི་བླང་བྱའི་ཐོག་གཅིག་གྱུར་བྱས་ཏེ་གཟེར་འདེབས་ཀྱི་སྙིང་སྟོབས་ལ་བརྟེན་ནས་སྒྱུར་བཅོས་དོན་འཁྱོལ་ལ་ནུས་ཤུགས་ཡོད་རྒུས་དམ་འཛིན་ཡག་པོ་བྱས་ཏེ།སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་ལྷ་ས་གསར་པ་འཛུགས་སྐྲུན་བྱ་ཆེད་འབད་འཐབ་ཧུར་ཐག་བྱ་རྒྱུ་ཡིན་ཞེས་མགྲིན་གཅིག་ཏུ་བཤད་པ་རེད།
(བསྟན་རྡོར་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社