分享按钮

ལྷ་ས་གྲོང་ཁྱེར་འབྲིང་རིམ་ལས་རིགས་ལག་རྩལ་སློབ་གྲྭ་གཉིས་པའི་དམག་སྦྱོང་མཇུག་སྒྲིལ་གྱི་མཛད་སྒོ་འཚོགས་པ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། སྤྲོ་སེམས་འཁོལ་བའི་དམག་མིའི་རོལ་དབྱངས་ཀྱི་སྒྲ་དང་སྤྲོ་སེམས་འཁོལ་བའི་ཐལ་མོའི་རྡེབ་སྒྲའི་ཁྲོད་ལྷ་ས་གྲོང་ཁྱེར་འབྲིང་རིམ་ལས་རིགས་ལག་རྩལ་སློབ་གྲྭ་གཉིས་པའི་དམག་སྦྱོང་མཇུག་སྒྲིལ་མཛད་སྒོ་ཟླ་8ཚེས་21ཉིན་འཚོགས་པ་རེད། དུས་ཡུན་ཉིན་7གྱི་དཀའ་ཚེགས་ཆེ་བའི་སྦྱོང་བརྡར་བྱས་པ་བརྒྱུད། སློབ་མ་1600ལྷག་ཙམ་གྱིས་སྙིང་སྟོབས་རབ་ཏུ་འཕེལ་བ་དང་། གྲལ་སྟར་འགྲིག་པ། སྟོབས་ཤུཊ་ལྡན་པའི་གོམ་སྟབས་བཅས་ཀྱི་ཐོག་ནས་སློབ་གྲྭ་ཡོངས་ཀྱི་དགེ་སློབ་ཚོར་དམག་སྦྱོང་གི་གཡུར་ཟའི་གྲུབ་འབྲས་མངོན་པར་བྱས་ཡོད།

མཛད་སྒོ་དེ་རྔམ་བརྗིད་ལྡན་པའི་རྒྱལ་གླུ་སྒྲའི་ཁྲོད་འགོ་ཚུགས་པ་དང་དགེ་སློབ་ཚང་མ་གཟབ་ནན་ངང་ལངས་ཤིང་།མིག་རྒྱང་བརྟན་པོ་ཡོད། སློབ་གྲྭའི་འབྲེལ་ཡོད་འགན་འཁུར་བས་ཤིས་ཚིག་གསུངས་སྐབས་དམག་སྦྱོང་སློབ་དཔོན་ཚོའི་དཀའ་སྤྱད་འབད་བརྩོན་དང་སློབ་གྲོགས་ཚོའི་ཕུལ་བྱུང་གྲུབ་འབྲས་ལ་ཚད་མཐོའི་གདེང་འཇོག་གནང་བར་མ་ཟད། སློབ་གྲོགས་ཚོར་དམག་སྦྱོང་ཁྲོད་ཆགས་པའི་གོམས་གཤིས་བཟང་པོ་དང་ཕུལ་བྱུང་གཤིས་རྒྱུད་བཟང་དེ་འབྱུང་འགྱུར་གྱི་སློབ་སྦྱོང་དང་འཚོ་བའི་ཁྲོད་སྤྱོད་རྒྱུའི་ལྕག་སྐུལ་ཡང་གནང་བ་རེད། དེ་རྗེས་དམག་སྦྱོང་གི་གྲུབ་འབྲས་འགྲེམས་སྟོན་དངོས་སུ་བྱེད་འགོ་ཚུགས་པ་རེད།ཚང་མས་རུ་སྟར་གྲུ་བཞི་ཁག་མང་པོར་བགོས་ནས་རིམ་བཞིན་དམག་གཟིགས་མཛད་སྒོ་དང་།ཁག་བགོས་རྣམ་པ།དམག་དོན་ལུས་རྩལ་སོགས་ཀྱི་སློབ་ཚན་འཁྲབ་སྟོན་བྱས། ཁོང་ཚོའི་སྟངས་སྟབས་གྲལ་འགྲིག་པ་དང་འབོད་ཚིག་གི་སྐད་སངས་ཤིན་ཏུ་གསལ་བས་དམག་སྦྱོང་རིང་གི་སྦྱོང་བརྡར་གྲུབ་འབྲས་གང་ལེགས་མངོན་ཡོད།

སྦྱོང་བརྡར་ནང་ཞུགས་མཁན་སློབ་མ་སྐལ་བཟང་ཚེ་དབང་གིས་ད་ཐེངས་ཀྱི་དམག་སྦྱོང་བྱས་པ་བརྒྱུད་ངའི་སྒྲིག་ཁྲིམས་ཀྱི་འདུ་ཤེས་དང་།དུས་ཚོད་དོ་དམ། དེ་བཞིན་རང་གཅུན་སོགས་ཀྱི་ཐད་ཡར་རྒྱས་མངོན་གསལ་དོད་པོ་བྱུང་། དམག་སྦྱོང་ལས་རང་གཅུན་དེ་བས་ཆེ་བ་བྱུང་བར་མ་ཟད། ད་དུང་ཇི་ལྟར་བྱས་ནས་རང་ཉིད་ཀྱི་དུས་ཚོད་དང་འཚོ་བའི་འཆར་འགོད་དེ་བས་ལེགས་པར་བྱེད་དགོས་པ་ཤེས་བྱུང་ཞེས་བཤད།

གཟེངས་བསྟོད་ཀྱི་ལྷུ་ཚིགས་ནང་སློབ་གྲྭས་དམག་སྦྱོང་ཁྲོད་མངོན་གསལ་དོད་པའི་དམག་སྦྱོང་གི་ཕུལ་བྱུང་འཛིན་གྲྭའི་ཀྲུའུ་རེན་དང་དམག་སྦྱོང་གི་ཕུལ་བྱུང་བརྒྱ་ཤོག་སོགས་ལ་གཟེངས་བསྟོད་བྱས་པ་རེད། མཛད་སྒོའི་མཐོ་རླབས་སུ་སློབ་གྲྭ་ཁག་གཅིག་གི་འབྲེལ་ཡོད་འགན་འཁུར་བས་སློབ་གྲྭ་ཡོངས་ཀྱི་དགེ་སློབ་ཚོའི་ཚབ་ཞུས་ནས་དཀའ་སྤྱད་འབད་བརྩོན་བྱེད་བཞིན་པའི་དམག་སྦྱོང་དགེ་རྒན་གྱི་འཐུས་མིར་གོས་དར་ཕུལ་ནས་ཁོང་ཚོར་གུས་བཀུར་ཟབ་མོ་དང་ཐུགས་རྗེ་ཆེ་ཞུ་ལུགས་མཚོན་པར་བྱས་པ་རེད།

དགེ་རྒན་བསྟན་འཛིན་ལྷ་མོས་དམག་སྦྱོང་བྱེད་རིང་སློབ་མ་ཚོས་བསམ་བློའི་ཉམས་འགྱུར་དང་སྒྲིག་ཁྲིམས་སྤྱོད་ཚུལ་བཟང་པོ་མངོན་པ་དང་དཀའ་ངལ་སྣ་ཚོགས་ཁྱད་བསད་བྱས་ཏེ་སྦྱོང་བརྡར་གྱི་ལས་འགན་ཁག་ལེགས་གྲུབ་བྱུང་བ་དང་དུས་མཚུངས་དམག་སྦྱོང་གིས་སློབ་མའི་དབར་སྤེལ་རེས་དང་ཤེས་རྟོགས་བྱ་རྒྱུར་སྐུལ་མ་ཐེབས་ནས་ཕན་ཚུན་དབར་གྱི་མཛའ་གྲོགས་དང་ཡིད་ཆེས་ཟབ་ཏུ་ཕྱིན་ཡོད། སླད་ཕྱིན། སློབ་གྲྭས་རྒྱལ་སྲུང་སློབ་གསོ་དང་དམག་སྦྱོང་གི་ལས་དོན་ལ་མུ་མཐུད་ཤུགས་སྣོན་བརྒྱབ་སྟེ།སློབ་མའི་ཕྱོགས་བསྡུས་ཀྱི་བྱང་ཚད་དང་རྒྱལ་སྲུང་འདུ་ཤེས་ཟམ་མི་ཆད་པར་མཐོ་རུ་བཏང་ནས་ཕུལ་དུ་བྱུང་བའི་སྤྱི་ཚོགས་རིང་ལུགས་ཀྱི་འཛུགས་སྐྲུན་པ་དང་རྒྱུན་འཛིན་པ་དེ་བས་མང་བ་གསོ་སྐྱོང་བྱ་ཆེད་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་རྒྱུ་ཡིན་ཞེས་བཤད།

(ལྷག་པ་ཚེ་རིང་གིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-08-23 6 6 拉萨日报藏文 c186637.html 1 ལྷ་ས་གྲོང་ཁྱེར་འབྲིང་རིམ་ལས་རིགས་ལག་རྩལ་སློབ་གྲྭ་གཉིས་པའི་དམག་སྦྱོང་མཇུག་སྒྲིལ་གྱི་མཛད་སྒོ་འཚོགས་པ། /enpproperty-->