分享按钮

རང་གྲོང་གིས་བོད་དུ་བཅའ་སྡོད་ཀྲུང་དབྱང་གི་སྨྱན་སྦྱོར་དང་བོད་རང་སྐྱོང་ལྗོངས་ཀྱི་སྨྱན་སྦྱོར་གཙོ་བོ་གདན་དྲངས་ནས་ལྷ་སའི་འཕེལ་རྒྱས་ཐད་བཅར་འདྲི་བྱས་པ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱ་ཆེད། ཟླ་8ཚེས་19ནས་ཚེས་20ཉིན་བར་གྲོང་ཨུད་དྲིལ་བསྒྲགས་པུའུ་ཡིས་བོད་དུ་བཅའ་སྡོད་ཀྲུང་དབྱང་གི་སྨྱན་སྦྱོར་དང་རང་སྐྱོང་ལྗོངས་ཀྱི་སྨྱན་སྦྱོར་གཙོ་བོ་ལྷ་ས་གྲོང་ཁྱེར་དུ་གདན་དྲངས་ནས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྒྲིག་ཆེན་པོའི་བྱ་སྤྱོད་སོགས་གྲོང་ཨུད་ཀྱི་ལྟེ་བའི་ལས་དོན་གྱི་དུས་མཚམས་ཀྱི་ཕན་འབྲས་ལ་བཅར་འདྲི་བྱས་པ་རེད།

བཅར་འདྲི་ཚོགས་པ་དང་བཅས་པ་སྔ་རྗེས་སུ་གངས་ལྗོངས་སྐར་མའི་གོ་ལའི་གནམ་དཔྱད་ཁང་དང་། བློན་པོ་ཚང་ཞག་སྡོད་ཁང་། རྒྱ་མཚོ་སྡེ་ཁུལ་ཚོགས་ཆུང་2པ། གླིང་ཕྲན་གཉིས་ཀྱི་སྡེ་ཁུལ་སོགས་སུ་བསྐྱོད་ནས་ལྷ་སའི་ཡུལ་ཁོངས་ཡུལ་སྐོར་གྱི་ལེ་ལག་ཚང་བའི་འཕེལ་རྒྱས་ཆེན་པོ་དང་། གཞི་རིམ་བཅོས་སྐྱོང་གི་ཕན་ནུས་ཆེ་རུ་ཤུགས་ཆེན་གཏོང་བའི་བྱ་སྤྱོད། དེ་བཞིན་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྒྲིག་ཆེན་མོའི་བྱ་སྤྱོད་བཅས་ཀྱི་ལས་དོན་སྤེལ་ཚུལ་ཐད་བཅར་འདྲི་བྱས་ཡོད། གངས་ལྗོངས་སྐར་མའི་གོ་ལའི་གནམ་དཔྱད་ཁང་དུ་ཐུན་མོང་མ་ཡིན་པའི་འཛུགས་སྐྲུན་གྱི་ཉམས་འགྱུར་དང་ཕུན་སུམ་ཚོགས་པའི་གནམ་རིག་ཤེས་བྱའི་འགྲེམས་སྟོན་གྱིས་བཅར་འདྲི་ཚོགས་པའི་ཡིད་དབང་རབ་ཏུ་འཕྲོག་ཡོད། འདི་ནི་ཚན་རིག་ཁྱབ་གདལ་གྱི་ཁང་ཆེན་ཞིག་ཡིན་པར་མ་ཟད། ལྷ་སའི་ཡུལ་ཁོངས་ཡུལ་སྐོར་ལེ་ལག་ཚང་བའི་འཕེལ་རྒྱས་ཆེན་པོའི་བསྡུས་རིས་ཤིག་ཀྱང་ཡིན། དེས་ལྷ་སས་ཡུལ་སྐོར་ལས་རིགས་ཀྱི་ཕྱོགས་སྒྱུར་རིམ་སྤོར་ལ་སྐུལ་འདེད་གཏོང་བ་དང་། ཡུལ་སྐོར་གྱི་སྤུས་ཚད་མཐོ་རུ་གཏོང་བའི་ཐད་ཀྱི་བློ་བརྟན་འགྱུར་མེད་ཀྱི་ཆོད་སེམས་དང་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ་མཚོན་གྱི་ཡོད།

བཅར་འདྲི་ཚོགས་པས་ཡུལ་དངོས་སུ་ལྟ་ཞིབ་དང་བཅར་འདྲི་སོགས་ཀྱི་བྱ་ཐབས་བརྒྱུད། ད་ལོ་ཚུན་ལྷ་སའི“འཐབ་ཇུས་ཆེན་པོ་བཞིའི”དུས་མཚམས་རང་བཞིན་གྱི་ལས་ཀའི་གྲུབ་འབྲས་ཀྱི་ཞིབ་ཕྲའི་བྱ་ཐབས་ཤེས་རྟོགས་ཞིབ་ཕྲ་བྱས་ཤིང་། ས་གནས་ཁག་གི་ཁྱད་ཆོས་དང་། བྱེད་སྟངས། དཔེ་མཚོན་སོགས་ལ་རྒྱུས་ལོན་བྱས་ཡོད།

གྲོང་ཨུད་དྲིལ་བསྒྲགས་པུའུ་ཡི་པུའུ་ཀྲང་གཞོན་པ་ལྷ་མོ་སྒྲོལ་མས། ད་ཐེངས་ཀྱི་གཅིག་སྡུད་བཅར་འདྲིའི་བྱེད་སྒོ་སྤེལ་དོན་གཙོ་བོ་ནི་ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ་དང་། རྒྱལ་ཡོངས་དང་།ལྗོངས་ཡོངས། གྲོང་ཁྱེར་ཡོངས་བཅས་ཀྱི་དྲིལ་བསྒྲགས་བསམ་བློའི་ལས་དོན་གྱི་ཚོགས་འདུའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱ་ཆེད་ཡིན་ལ། དྲིལ་བསྒྲགས་ཁོངས་གཏོགས་ཀྱི་འགན་ནུས་དང་ནུས་པ་སྔར་བས་འདོན་སྤེལ་དང་། ཕྱོགས་ཁག་གི་ཐོན་ཁུངས་སྟོབས་ཤུགས་བསྡུ་སྒྲིལ་བྱས་ཏེ། ལྷ་སའི“འབྱུང་ཁམས་ལ་བརྟེན་ནས་གྲོང་ཁྱེར་འཛུགས་པ་དང་། རིག་གནས་བརྟེན་ནས་གྲོང་ཁྱེར་དར་རྒྱས་གཏོང་བ། ཐོན་ལས་ལ་བརྟེན་ནས་གྲོང་ཁྱེར་སྟོབས་ཆེར་གཏོང་བ། ཁྲིམས་ལྟར་གྲོང་ཁྱེར་སྐྱོང་བ། གྲོང་ཁྱེར་བརྟན་ལྷིང་བདེ་འཇགས”བཅས་ཀྱི་གཏམ་རྒྱུད་ཡག་པོ་བཤད་རྒྱུ་དེ་ཡིན། དེ་བས་དུས་རབས་གསར་པའི་ལྷ་སའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་གཏམ་རྒྱུད་ཡག་པོ་ཤོད་པའི་ལག་ལེན་གལ་ཆེན་དང་བྱ་ཐབས་ཏན་ཏིག་ཞིག་ཀྱང་ཡིན། དྲིལ་བསྒྲགས་ཀྱི་སྟོབས་ཤུགས་ལ་བརྟེན་ནས་གྲོང་ཁྱེར་ཡོངས་ཀྱི་ལས་བྱེད་པ་དང་མང་ཚོགས་ཀྱི་སྒྱུར་བཅོས་གསར་གཏོད་དང་། འགག་སྒྲོལ་དཀའ་སེལ། སྔོན་ཐོན་གྱི་གནས་བབ་བརྩོན་ལེན་བཅས་ཀྱི་ཡིད་ཆེས་དང་ངར་ཤུགས་སྔར་བས་སྐུལ་སྤེལ་བྱ་རྒྱུ་རེད་ཅེས་བཤད།

“འཐབ་ཇུས་ཆེན་པོ་བཞི”ནི་གྲོང་ཨུད་ཀྱིས་གནད་དོན་གྱི་ཁྲིད་སྟོན་མཐའ་འཁྱོངས་དང་། དེང་རབས་ཅན་གྱི་འཕེལ་རྒྱས་ཀྱི་བླང་བྱ། ལྷ་སའི་འཕེལ་རྒྱས་ཀྱི་དོན་དངོས་བཅས་ལ་གཞི་ཚུགས་པའི་འཐབ་ཇུས་ཀྱི་བསམ་གཞིགས་ཤིག་ཡིན་ལ། གྲོང་ཁྱེར་ཡོངས་ཀྱི་མིག་སྔ་དང་སླད་ཕྱིན་གྱི་གཙོ་གནད་ལས་འགན་ཞིག་ཀྱང་ཡིན། སྡེ་ཁུལ་ཁག་ཏུ་བཅར་འདྲི་ཚོགས་པ་བསྐྱོད་དེ་སྡེ་ཁུལ་གྱི་ལས་དོན་པ་དང་ངོ་ཐུག་གདོང་འཕྲད་ངང་སྤེལ་རེས་བྱས་ནས། ལྷ་སའི་གཞི་རིམ་བཅོས་སྐྱོང་གི་ཕན་ནུས་ཆེ་རུ་ཤུགས་ཆེན་གཏོང་བ་དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྒྲིག་ཆེན་མོའི་བྱ་སྤྱོད་ཐད་འབད་བརྩོན་བྱས་པ་དངོས་སུ་ཉམས་ལེན་བྱས་ཡོད། ཚང་མས་ལྷ་སས“འཐབ་ཇུས་ཆེན་པོ་བཞིའི”དུས་མཚམས་རང་བཞིན་གྱི་ལས་དོན་ཁྲོད་བྱ་ཐབས་ནུས་ལྡན་སྤྱད་ཡོད་པ་དང་། བཀྲག་མདངས་འཚེར་ས་མང་བ། དམངས་འཚོའི་བྱ་གཞག་ལ་ཕན་ནུས་ལྡན་པ་བཅས་ཡོད་པས། ཕྱིར་ལོག་རྗེས་སྨྱན་སྦྱོར་སྟེགས་བུ་སྤྱད་དེ་ཕྱོགས་ཡོངས་དང་ཟུར་སྣེ་མང་པོའི་ཐོག་ནས་ལྷ་སའི་མཛེས་སྡུག་ལྡན་པའི་ཉམས་འགྱུར་མངོན་པ་དང་། ལྷ་སའི་གཏམ་རྒྱུད་སྔར་བས་ཡག་པོ་བཤད་ནས་ལྷ་སའི་དཔལ་འབྱོར་དང་སྤྱི་ཚོགས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་ཡིན་པའི་ངོས་འཛིན་གཅིག་མཐུན་བྱས་ཡོད།

བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན་ལས་ཁུངས་མཉམ་འདྲེས་སྨྱན་སྦྱོར་བཅར་འདྲི་ལྟེ་གནས་ཀྱི་གསར་འགོད་པ་ལི་ཆུན་གྱིས། ཉིན་གཉིས་རིང་བཅར་འདྲི་བྱས་པ་བརྒྱུད། ལྷ་སའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། དེ་བཞིན་དམངས་འཚོ་ལེགས་བཅོས། དམངས་ལ་བྱ་བ་དངོས་སྒྲུབ་པ་སོགས་ཀྱི་ལས་དོན་ཐད་གྲུབ་འབྲས་ཆེན་པོ་ཐོབ་པ་ཚོར་བྱུང་། ཕྱིར་ལོག་རྗེས་ངས་ཀྱང་མཐོང་ཐོས་མྱོང་གསུམ་གྱི་དཔེ་མཚོན་གསོན་པོ་དེ་དག་བརྙན་ཤེལ་ཐོག་མངོན་པར་བྱས་ནས་ལྟད་མོ་བ་དེ་བས་མང་བས་ལྷ་སའི་འཕེལ་རྒྱས་ཤེས་རྟོགས་ཐུབ་པར་བྱ་རྒྱུ་མ་ཟད། བོད་ལྗོངས་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཆེད་མདུན་སྐྱོད་ཀྱི་སྟོབས་ཤུགས་གཅིག་ཏུ་སྒྲིལ་བར་བྱ་རྒྱུ་ཡིན་ཞེས་བཤད།

(བྱམས་པ་ཚེ་རིང་གིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-08-23 6 6 拉萨日报藏文 c186638.html 1 རང་གྲོང་གིས་བོད་དུ་བཅའ་སྡོད་ཀྲུང་དབྱང་གི་སྨྱན་སྦྱོར་དང་བོད་རང་སྐྱོང་ལྗོངས་ཀྱི་སྨྱན་སྦྱོར་གཙོ་བོ་གདན་དྲངས་ནས་ལྷ་སའི་འཕེལ་རྒྱས་ཐད་བཅར་འདྲི་བྱས་པ། /enpproperty-->