ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཟླ་8ཚེས་20ཉིན་ལྷ་ས་གྲོང་ཁྱེར་དབང་པོ་སྐྱོན་ཅན་གྱི་ལུས་རྩལ་འགྲན་ཚོགས་སྐབས་གཉིས་པའི་ངོ་མཚར་ཆེ་བའི་འགྲན་བསྡུར་མུ་མཐུད་ནས་སྤེལ་བཞིན་ཡོད། འགྲན་རར་རྫོང(ཆུས)ཁག་དང་། གྲོང་ཁྱེར་གྱི་དམིགས་བསལ་སློབ་གྲྭའི་འཐུས་མི་རུ་ཁག གྲོང་ཁྱེར་ཐད་གཏོགས་ཀྱི་འཐུས་མི་རུ་ཁག་བཅས་ནས་ཡོང་བའི་དབང་པོ་སྐྱོན་ཅན་ལུས་རྩལ་པ་300ལྷག་ཙམ་གྱིས་བློ་བརྟན་འགྱུར་མེད་ཀྱི་བློ་སྟོབས་ལ་བརྟེན་ནས་དཔའ་ངར་ཞུམ་མེད་ཀྱི་ལེའུ་རྩོམས་བཞིན་ཡོད།
ད་ཐེངས་ཀྱི་ལུས་རྩལ་འགྲན་ཚོགས་ནང་མཆོང་རྒྱུག་འཕེན་གསུམ་དང་། ཀེ་ཊམ། ཐག་འཐེན། རྐུབ་སྟེགས་འཁོར་ལོ་ཅན་གྱི་མྱུར་ཚད་འགྲན་བསྡུར། གནས་གཏན་འཁེལ་གྱི་སྤོ་ལོ་འཕེན་པ་སོགས་རྣམ་གྲངས་མང་པོ་ཚུད་ཡོད།འགྲན་རའི་ཐོག་ཁོང་ཚོས་ཕན་ཚུན་སྐུལ་ལྕག་བྱས་པ་དང་འགྲན་བསྡུར་ཁྲོད་ཕན་ཚུན་དབར་གཞོགས་འདེགས་དང་མཛའ་གྲོགས་ཀྱི་འབྲེལ་བ་ཟབ་ཏུ་ཕྱིན་པར་མ་ཟད། ལྟད་མོ་བ་ཚོའི་ངར་ཤུགས་སློང་བའི་ཐལ་མོའི་རྡེབ་སྒྲས་ས་གནས་ས་ཐོག་གི་རྣམ་པ་ཡང་དེ་བས་འཁྲུག་ཆ་དོད་དུ་ཕྱིན་ཡོད།
ལུས་རྩལ་པ་ཚོའི་འགྲན་རའི་ནང་གི་ངོ་མཚར་ཆེ་བའི་རྣམ་འགྱུར་ལ་མི་རྣམས་ཀྱིས་བསྔགས་བརྗོད་བྱེད་པ་དང་ལུས་རྩལ་འགྲན་ཚོགས་རྒྱབ་ཀྱི་གཏམ་རྒྱུད་ཀྱང་མི་སེམས་འགུལ་བ་ཞིག་ཡོད། ད་ཐེངས་ཀྱི་འགྲན་བསྡུར་ཆེད་ཁོང་ཚོས་དཀའ་ངལ་ཐ་དག་ཁྱད་བསད་བྱས་ཏེ་ཉིན་ལྟར་སྦྱོང་བརྡར་རྒྱུན་འཁྱོངས་བྱས་པར་མ་ཟད། རྩལ་ཁྲིད་པ་ཚོའི་རྒྱབ་སྐྱོར་དང་རོགས་རམ་ཡང་ཁོང་ཚོ་མདུན་དུ་སྐྱོད་པའི་སྒུལ་ཤུགས་ཆེན་པོ་ཞིག་ཏུ་གྱུར་ཡོད།
ལྷ་ས་གྲོང་ཁྱེར་དམིགས་བསལ་སློབ་གསོའི་སློབ་གྲྭའི་རྩལ་ཁྲིད་པ་བཀྲ་ཤིས་ཀྱིས་ང་ཚོས་ཟླ་བ་དྲུག་པ་ནས་བཟུང་སྦྱོང་བརྡར་བྱེད་འགོ་ཚུགས་ཤིང་།ད་བར་ཟླ་བ་གཉིས་ཙམ་ཕྱིན་ཡོད། དེའི་བརྒྱུད་རིམ་ནང་ང་ཚོའི་རྩལ་ཁྲིད་པ་དང་སློབ་མ་ཚང་མས་འབད་བརྩོན་ཆེན་པོ་བྱས་པས་འགྲན་བསྡུར་ཁྲོད་ཚང་མར་གྲུབ་འབྲས་ཡག་པོ་ཐོབ་ཡོད།སླད་ཕྱིན་བྱེད་སྒོ་དེ་དང་འདྲ་བ་མང་ཙམ་སྤེལ་རྒྱུའི་རེ་བ་ཡོད་ཅེས་བཤད།
ད་ཐེངས་ཀྱི་ལུས་རྩལ་འགྲན་ཚོགས་ནི་སྟོབས་ཤུགས་དང་ཐབས་རྩལ་གྱི་འགྲན་བསྡུར་ཞིག་ཡིན་པར་མ་ཟད། བློ་སྟོབས་དང་སྙིང་རུས་ཀྱི་འགྲན་བསྡུར་ཞིག་ཀྱང་ཡིན། འགྲན་བསྡུར་ནང་ཞུགས་མཁན་བདམས་ཐོན་པ་ཚོས་འགྲན་བསྡུར་ཁྲོད་འབད་འཐབ་ལྷོད་མེད་བྱས་མཐར་ལྷ་ས་གྲོང་ཁྱེར་དམིགས་བསལ་སློབ་གསོའི་སློབ་གྲྭའི་འཐུས་མི་ཚོགས་པས་ཕུལ་བྱུང་གི་གྲུབ་འབྲས་ལ་བརྟེན་ནས་ཚོགས་པའི་ཨང་དང་པོ་བླངས་ཡོད་པ་རེད།
(སྟོབས་རྒྱལ་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社