分享按钮

ཧྥུ་ཁང་རྒྱུག་ཤར་ཚོགས་པ་བཙུགས་པའི་ འགོ་ཚུགས་མཛད་སྒོ་འཚོགས་པ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ལས་བཟོ་བའི་གཟུགས་པོའི་བྱང་ཚད་སྔར་བས་ལེགས་སུ་གཏོང་བ་དང་།ཚོགས་པ་དབར་གྱི་འབྲེལ་གཏུགས་དང་མཉམ་ལས་ཟབ་ཏུ་གཏོང་བ།ཧུར་བརྩོན་ཡར་ཐོན་དང་སྐྱོན་བྲལ་ཞི་མཐུན་གྱི་ཁེ་ལས་རིག་གནས་ཀྱི་རྣམ་པ་གཏོད་པ་བཅས་ཀྱི་ཆེད།ཟླ་8ཚེས་19ཉིན།ཧྥུ་ཁང་རྒྱུག་ཤར་ཚོགས་པ་བཙུགས་པའི་འགོ་ཚུགས་མཛད་སྒོ་ལྷ་སར་འཚོགས་པ་རེད།

འགོ་ཚུགས་མཛད་སྒོའི་ཐོག ཆེད་ལས་དགེ་རྒན་གདན་དྲངས་ནས་འགོ་བརྗོད་དུ《རྒྱུག་ཤར་གློད་རྩལ་དང་། ལུས་རྩལ་དང་བདེ་ཐང》དང《ཚན་རིག་དང་མཐུན་པའི་ལུས་རྩལ་དང་བདེ་ཐང་99+》ཞེས་པའི་བདེ་ཐང་མཉམ་སྤྱོད་བྱས་ཏེ།ཚང་མར་རྒྱུག་ཤར་གློད་རྒྱུར་དོ་སྣང་བྱེད་དགོས་པའི་དོན་ཚན་དང་ཡང་དག་པའི་བྱ་ཐབས་ལ་འགྲེལ་བཤད་བརྒྱབ་པ་རེད།

ཧྥུ་ཁང་རྒྱུག་ཤར་ཚོགས་པའི་ལག་བསྟར་ཚོགས་གཙོ་ལིའུ་ཅ་ཡིས་ངོ་སྤྲོད་བྱས་དོན།ཧྥུ་ཁང་རྒྱུག་ཤར་ཚོགས་པ་ནི་བོད་ལྗོངས་ཧྥུ་ཁང་སྨན་བཅོས་རྩ་འཛུགས་ཀྱིས་གྲོས་འགོ་བཏོན་པ་ཞིག་ཡིན་པ་དང་། ཚོགས་པ་བཙུགས་རྗེས་ཚན་ཁག་གམ་ཡང་ན་སྨན་ཁང་ཁག་ཚན་པར་བྱས་ནས་རྒྱུན་གཏན་གྱི་བྱེད་སྒོར་དོ་དམ་བྱ་རྒྱུ་དང་།APPསྤྱད་དེ་གཟའ་འཁོར་རེར་ཉུང་མཐར་ཡང་མི་སྒེར་གྱིས་དལ་རྒྱུག་ཐེངས་གསུམ་གློད་ནས་ལས་བཟོ་བ་ཚོར་རང་གིས་རང་ལ་འགྲན་སློང་དང་རྒྱུན་འཁྱོངས་བྱ་རྒྱུའི་སྐུལ་ལྕག་བྱེད་པ་དང་།ཚོགས་པའི་གོང་བུར་འགྲིལ་ཤུགས་ཆེ་རུ་གཏོང་རྒྱུ་རེད། གཞན་ཡང་བཟོ་ཚོགས་ཀྱིས་ད་དུང་རྒྱུག་ཤར་ཚོགས་པའི་ཁོངས་མི་མི་རེ་ངོ་རེར་ལོ་ལྟར་སྒོར་2000རི་བའི་ཆེད་ལས་རྒྱུག་ཤར་སྒྲིག་ཆས་མཁོ་འདོན་བྱས་ནས་བདེ་འཇགས་དང་བདེ་སྣང་ཐད་འགན་ལེན་བྱས་པར་མ་ཟད།བསླབ་པ་རྒན་གྲས་ཀྱི་མར་སུན་རྒྱང་རྒྱུག་རྩལ་ཁྲིད་པ་གདན་འདྲེན་ཞུས་ནས་རྒྱུག་ཤར་ཚོགས་པའི་ཁོངས་མིར་དུས་བཀག་ནང་ཆེད་ལས་སྦྱོང་བརྡར་དང་མཛུབ་ཁྲིད་བྱས་ཏེ་རྒྱུག་ཤར་རྩལ་ནུས་དང་ཆུ་ཚད་མཐོ་རུ་གཏོང་རྒྱུ་ཡིན་པ་རེད།

ལིའུ་ཅ་ཡིས་རྒྱུག་ཤར་ཚོགས་པ་བཙུགས་རྗེས་ང་ཚོས་གཟའ་འཁོར་རེར་མཉམ་སྡེབ་རྒྱུག་ཤར་བྱེད་སྒོ་ཐེངས་རེ་སྒྲིག་འཛུགས་བྱས་ནས་ལོ་ཕྱེད་ནང་སྤྱི་ལེ་5ཡི་དགེ་སྒྲུབ་རྒྱུག་ཤར་རམ་ཡང་ན་ཡིད་དབང་འཕྲོག་པའི་མར་སུན་རྒྱུག་ཤར་ཐེངས་རེ་རྒྱུག་རྒྱུ་དང་།ལོ་མཇུག་ཏུ་ལམ་ཕྱེད་མར་སུན་རྒྱང་རྒྱུག་འགྲན་བསྡུར་གཉེར་ནས་ཕུལ་བྱུང་རྒྱུག་ཤར་པ་10འདེམས་སྒྲུག་དང་གཟེངས་བསྟོད་བྱ་རྒྱུ་དང་། མི་50ནས་100བར་གྱི་ཚོགས་པ་སྒྲིག་འཛུགས་བྱས་ནས་ལམ་ཕྱེད་མར་སུན་རྒྱང་རྒྱུག་འགྲན་བསྡུར་སྤེལ་རྒྱུ།རྒྱུག་ཤར་བ་ཕུལ་བྱུང་རྒྱལ་ཡོངས་ཀྱི་མར་སུན་འགྲན་རྒྱུག་ནང་ཞུགས་རྒྱུར་རོགས་རམ་བྱ་རྒྱུ་ཡིན་ཞེས་བཤད།

(བུ་ཆུང་གིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-08-22 6 6 拉萨日报藏文 c186567.html 1 ཧྥུ་ཁང་རྒྱུག་ཤར་ཚོགས་པ་བཙུགས་པའི་ འགོ་ཚུགས་མཛད་སྒོ་འཚོགས་པ། /enpproperty-->