ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཉིན་ཤས་གོང་། ཀུན་གྱིས་དོ་སྣང་ཆེན་པོ་བྱེད་པའི་2024ཀྲུང་གོའི་ཤང་ཀང་རྒྱལ་སྤྱིའི་ཟས་མཆོག་དངོས་མང་སྟོན་ཚོགས་དེ་ཤང་ཀང་ཚོགས་ཁང་གི་འགྲེམས་ཚོགས་ལྟེ་གནས་སུ་འགོ་ཚུགས་པ་རེད། ལྷ་ས་གྲོང་ཁྱེར་ཚོང་དོན་ཅུས་ཀྱིས་ལྷ་སའི་དངོས་ཟོག་ཡག་པོ་ཞེས་པའི་སྤུས་ལེགས་ཁེ་ལས་15སྒྲིག་འཛུགས་བྱས་ནས་འགྲེམས་ཚོགས་ནང་ཞུགས་ཏེ་གཏེར་ཆུ་དང་། ཞོ། ནས་སོགས་ཐོན་རྫས་རྒྱལ་སྤྱིའི་ཁྲོམ་རར་ཁྱབ་གདལ་དུ་བཏང་ནས་གོ་ལ་ཧྲིལ་པོའི་འཛད་སྤྱོད་པར་གངས་ལྗོངས་ས་མཐོ་ནས་ཐོན་པའི་དྭངས་གཙང་དང་བྲོ་བ་ཞིམ་པོ་ཉམས་སུ་མྱོང་དུ་བཅུག་པ་རེད།
ད་ཐེངས་ནི་ལྷ་ས་གྲོང་ཁྱེར་ཚོང་དོན་ཅུས་ཀྱིས་ཚོགས་པ་སྒྲིག་འཛུགས་བྱས་ནས་ཤང་ཀང་དུ་འགྲེམས་ཚོགས་ནང་ཞུགས་ཐེངས་གཉིས་པ་དེ་ཡིན་ཞིང་། མཚོན་བྱེད་རང་བཞིན་ལྡན་པའི་ལྷ་སའི་བཟའ་བཏུང་ལས་རིགས་ཀྱི་སྣེ་འདྲེན་ཁེ་ལས་གཅིག་སྡུད་བྱས་ཡོད་པ་དང་། འགྲེམས་ཚོགས་ནང་ཞུགས་པའི་ཚོང་ཟོག་ནང་གཏེར་ཆུ་དང་། ནས། ཇ། པད་ཁའི་སྣུམ། བོད་སྨན་གྱི་བཏུང་བཅའ། ཚགས་ཤ་སོགས་སྤུས་ལེགས་ཁྱད་ལྡན་ཐོན་རྫས་ཚུད་ཡོད་པས་ལྷ་སའི་དངོས་པོ་ཡག་པོ།རྒྱལ་སྤྱིར་ཁྱབ་ཅེས་པ་གཙོ་དོན་དུ་གྱུར་ཡོད་པ་རེད།
ཐེངས་འདིའི་ཐོན་རྫས་འགྲེམས་ཚོགས་དེ་ཚོང་ཟོག་འགྲེམས་སྟོན་གྱི་སྟོན་མོ་གཟབ་རྒྱས་ཤིག་དང་ས་མཐོའི་གཅེས་ནོར་དང་རྒྱལ་སྤྱིའི་ཁྲོམ་ར་མཉམ་འདྲེས་ཟབ་མོ་བྱེད་པའི་སྦྲེལ་ཟམ་ལྟ་བུ་ཞིག་ཡིན་པར་མ་ཟད། བོད་དང་ཤང་ཀང་ས་གནས་གཉིས་ཀྱི་མཛའ་གྲོགས་ཟབ་མོ་དང་དཔལ་འབྱོར་དང་རིག་གནས་སྤེལ་རེས་མཉམ་ལས་ཀྱི་དཔང་པོ་བྱས་པ་ཞིག་ཀྱང་རེད། བྱེད་སྒོ་སྤེལ་ཡུལ་དུ་རྒྱལ་ཁབ་དང་ས་ཁུལ་69ནས་ཡོང་བའི་ལས་རིགས་ཀྱི་མཁས་མཆོག་དང་། ཚོང་དོན་ལས་རིགས་ཀྱི་གཙོ་འཛིན། ལས་རིགས་ཁག་གི་སྐུ་མགྲོན་བཅས་བྱེད་སྒོ་གཟབ་རྒྱས་ནང་ཞུགས་ནས་ལྷ་སའི་དངོས་པོ་ཡག་པོ་ཞེས་པ་རྒྱལ་སྤྱིའི་གར་སྟེགས་ཐོག་བསྐྱོད་པའི་དཔང་པོ་བྱས་པ་རེད།
ཁེ་ལས་ཀྱི་ཆེད་དོན་འོས་སྦྱོར་ཚོགས་འདུའི་ཐོག་ལྷ་སའི་དངོས་པོ་ཡག་པོ་ཞེས་པའི་ཁེ་ལས་ཀྱི་འཐུས་མི་ཚོས་གསོན་ཉམས་དོད་པའི་འགྲེལ་བཤད་དང་། ངོ་མཚར་ཆེ་བའི་འགྲེམས་སྟོན། ཕུན་སུམ་ཚོགས་པའི་མཉམ་འགུལ་ཉམས་ལེན་བཅས་བརྒྱུད་ཕྱོགས་ཡོངས་ནས་ལྷ་སའི་དངོས་པོ་ཡག་པོ་ཞེས་པའི་ཐུན་མོང་མ་ཡིན་པའི་ཡིད་དབང་འཕྲོག་ཤུགས་མངོན་པར་བྱས་པ་རེད། སྐུ་མགྲོན་ཚོས་ས་མཐོའི་ཇ་ཡི་བྲོ་བར་མྱོང་རོལ་བྱེད་པ་དང་། གངས་ལྗོངས་ས་མཐོའི་ནས་ཀྱི་ཐུན་མོང་མ་ཡིན་པའི་བྲོ་བ་དང་ཕུན་སུམ་ཚོགས་པའི་འཚོ་བཅུད། དེ་བཞིན་གཏེར་ཆུའི་དྭངས་གཙང་བཅས་ལ་མྱོང་རོལ་བྱས་ཡོད། ངོ་མཚར་ཆེ་བའི་འགྲེམས་སྟོན་དང་ཉམས་ལེན་ཕུད། ཁེ་ལས་ཀྱི་རང་བདག་འོས་སྦྱོར་ཚོགས་འདུའི་ཐོག་ད་དུང་ལྷ་སའི་དངོས་པོ་ཡག་པོ་ཞེས་པ་དང་རྒྱལ་སྤྱིའི་ཁྲོམ་ར་སྦྲེལ་མཐུད་བྱ་རྒྱུར་སྟེགས་བུ་བསྐྲུན་ཡོད། ཐོན་རྫས་ངོ་སྤྲོད་དང་མཉམ་ལས་གྲོས་མོལ་སོགས་ཀྱི་ལྷུ་ཚིགས་བརྒྱུད་ཚོགས་ཞུགས་སྐུ་མགྲོན་གྱིས་ལྷ་སའི་དངོས་པོ་ཡག་པོ་ཞེས་པའི་ཐོན་སྐྱེད་ཀྱི་བརྒྱུད་རིམ་དང་། སྤུས་ཚད་ཀྱི་ཚད་གཞི། ཁྲོམ་རའི་མདུན་ལམ་བཅས་ལ་ཤེས་རྟོགས་གཏིང་ཟབ་བྱས་ནས་འབྱུང་འགྱུར་གྱི་མཉམ་ལས་དང་སྤེལ་རེས་ལ་རྨང་གཞི་བརྟན་པོ་ཞིག་བཏིང་ཡོད་པ་རེད།
འགོ་ཚུགས་མཛད་སྒོ་འཚོཊ་པའི་ཉིན་དེར།རང་གྲོང་གི་འགྲེམས་ཁང་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད། བསྡོམས་རྩིས་བྱས་པར་གཞིགས་ན། རྒྱལ་ཁབ་ཕྱི་ནང་གི་ལས་རིགས་ཁག་གི་ལྟད་མོ་བ་དང་དེ་བཞིན་ཚོང་པ་མི་ཐེངས་ཁྲི་2ལྷག་ཙམ་ལ་སྣེ་ལེན་ཞུས་པ་དང་། ཚོང་པ་དང་འབྲེལ་མཐུད་གྲོས་མོལ་གཏིང་ཟབ་ཐེངས་140ཙམ་བྱས་ཡོད་ཅིང་། འགྲེམས་ཁང་གིས་བཟའ་བཅའ་དང་འཐུང་བཅའ་སྣ་ཚོགས་ལ་བྲོ་བ་བལྟ་ཆོག་པས་མི་ཐེངས་ཁྲི་3ལྷག་ཙམ་ལ་ཕན་པ་ཐོབ་པར་མ་ཟད།ཐོག་མའི་འདོད་མོས་ཀྱི་ཉོ་སྒྲུབ་དང་ཕྱིར་འཚོང་གི་འབྲེལ་གཏུགས་ཐབས་ལམ་11བདེ་བླག་ངང་བཙུགས་ཡོད་པ་རེད།ཐེངས་འདིའི་འགྲེམས་ཚོགས་བརྒྱུད་ལྷ་སའི་དངོས་པོ་ཡག་པོ་ཞེས་པའི་མཉམ་ལས་ཀྱི་བར་མཐོངས་སྔར་བས་རྒྱ་ཆེར་གཏོད་ནས་གཉིས་ཁེ་གཉིས་ཕན་གྱི་མདུན་ལམ་བཟང་པོ་མངོན་འགྱུར་ཐུབ་རྒྱུ་རེད།
(ཕུར་སྒྲོན་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社