ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ།ཟླ་8ཚེས་19ཉིན། གསར་འགོད་པས་གྲོང་ཁྱེར་གནམ་གཤིས་ལས་ཁུངས་ནས་ཤེས་རྟོགས་བྱས་པར་གཞིགས་ན། གཟའ་འཁོར་གོང་མར་རང་གྲོང་དུ་ཆར་ཆུ་བབས་ཚད་ཅུང་ཆུང་དུ་ཕྱིན་པ་དང་།མལ་གྲོ་གུང་དཀར་རྫོང་དང་ཆུ་ཤུར་རྫོང་གི་ས་ཆ་ཁག་གཅིག་ཏུ་ཆར་ཆུ་བབས་ཚད་བལྟོས་བཅས་ཀྱིས་ཆེ་ཙམ་བྱུང་ཡོད། གཟའ་འཁོར་དེའི་ཆར་ཆུ་བབས་ཚད་དེ་རྒྱུན་གཏན་གྱི་དུས་མཚུངས་དང་བསྡུར་ན་ས་གནས་ཁག་ཏུ་བཅུ་ཆ་3ནས་5བར་ཉུང་དུ་ཕྱིན་ཞིང་། གཟའ་འཁོར་གྱི་ཆ་སྙོམས་དྲོད་ཚད་དེ་དུས་མཚུངས་དང་བསྡུར་ན་ས་ཆ་མང་ཆེ་བ་རྒྱུན་གཏན་ལས་ཅུང་དམའ་བ་ཡོད།
གྲོང་ཁྱེར་གནམ་གཤིས་ལས་ཁུངས་ཀྱིས་ངོ་སྤྲོད་བྱས་པར་གཞིགས་ན། སྔོན་དཔག་བྱས་ན་གཟའ་འཁོར་འདིར་རང་གྲོང་དུ་ཆར་ཆུ་སྔར་བཞིན་ཅུང་ཉུང་བ་དང་དུས་ཡུན་ཐུང་ངུའི་ནང་འབྲུག་ཆར་འབབ་ཚད་ཅུང་མང་བ་ཡོད། གནམ་གཤིས་ཀྱི་བརྒྱུད་རིམ་གཙོ་བོ་ནི། གཟའ་ཟླ་བ་ནས་གཟའ་མིག་དམར་བར། རྫོང(ཆུས)ཁག་ལ་སྤྲིན་མང་བ་དང་། ས་ཆ་ཁ་ཤས་སུ་ཁ་ཐོར་རང་བཞིན་གྱི་ཆར་པ་འབབ་རྒྱུ་དང་འབྲུག་ཆར་འབབ་རྒྱུ། གཟའ་ལྷག་པ་ནས་གཟའ་པ་སངས་བར། ས་གནས་ཁག་ཏུ་སྤྲིན་མང་བ་ནས་གནམ་འཐིབས་པ་དང་། ས་སྲོས་ནས་མཚན་མོ་བར་ཆར་ཆུང་ངམ་ཡང་ན་འབྲུག་ཆར་འབབ་རྒྱུ་དང་། ལྷུན་གྲུབ་རྫོང་དང་། ཆུ་ཤུར་རྫོང་། མལ་གྲོ་གུང་དཀར་རྫོང་བཅས་ཀྱི་ཤང(གྲོང་རྡལ)ཁ་ཤས་ལ་ཆར་འབྲིང་འབབ་རྒྱུ། གཟའ་སྤེན་པ་ནས་གཟའ་ཉི་མའི་བར། རང་གྲོང་གི་ས་ཆ་མང་ཆེ་བར་སྤྲིན་པ་མང་བ་དང་། ཆུ་ཤུར་རྫོང་དང་སྙེ་མོ་རྫོང་སོགས་ལྷོ་ནུབ་ས་ཁུལ་དུ་ཆར་པ་སིམ་སིམ་དང་འབྲུག་ཆར་འབབ་རྒྱུ་རེད། གྲོང་ཁྱེར་གནམ་གཤིས་ལས་ཁུངས་ཀྱིས་གྲོས་འགོ་བཏོན་དོན།གཟའ་འཁོར་འདིའི་ནང་ཡར་ཀླུང་གཙང་པོའི་རྒྱུད་ཀྱི་ས་ཆ་ཁག་གཅིག་ཏུ་ཆར་ཆུ་འབབ་ཚད་ཅུང་ཆེ་བས་ས་ཆ་ཁག་གཅིག་ཏུ་ཆུ་ལོག་དང་། འདམ་རྡོའི་ཆུ་རུད།རི་ཉིལ་བ་སོགས་ཞོར་ཐོན་གནོད་འཚེ་སྔོན་འགོག་བྱ་རྒྱུར་ཤུགས་སྣོན་རྒྱག་དགོས་པ་དང་། གཟའ་འཁོར་འདིའི་ནང་གི་ཕྱི་དྲོའི་རྗེས་དང་མཚན་མོ་བར་ས་ཁུལ་ཁ་ཤས་སུ་དུས་ཡུན་ཐུང་ངུའི་འབྲུག་ཆར་དང་རླུང་ཆེན་སོགས་གཏད་རྒྱུག་རང་བཞིན་གྱི་གནམ་གཤིས་འབྱུང་སླ་བས། འབྲུག་ཆར་དང་རླུང་ཆེན། དུས་ཡུན་ཐུང་ངུའི་དྲག་ཆར། སེར་བ་སོགས་གཏད་རྒྱུག་དྲག་པོའི་གནམ་གཤིས་ཀྱིས་འགྲིམ་འགྲུལ་སྐྱེལ་འདྲེན་དང་། གནས་སྐབས་ཀྱི་འཛུགས་སྐྲུན། ཕྱི་རོལ་གྱི་བྱེད་སྒོ་བཅས་ལ་ཤུགས་རྐྱེན་ངན་པ་བཟོ་སྲིད་པས་སྔོན་འགོག་བྱེད་དགོས། རང་གྲོང་གི་ཞིང་ཁུལ་གཙོ་བོའི་ཞིང་ཁ་སྨིན་ནས་བཙས་མ་རྔ་བའི་དུས་སུ་སླེབས་ཡོད་པས་གནམ་གཤིས་ཀྱི་གོ་སྐབས་བཟང་པོར་དམ་འཛིན་བྱས་ནས་བཙས་མ་རྔ་བ་སོགས་ཞིང་ལས་བྱས་ན་འཚམ་པོ་ཡོད།
(ལྷག་པ་ཚེ་རིང་གིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社