ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། བྱིས་པའི་མིག་ཤེད་དང་ཁ་སྦུག་གི་བདེ་ཐང་གནས་ཚུལ་ལ་སྔར་བས་ཤེས་རྟོགས་བྱས་ནས་ཕྲུ་གུར་ཆུང་དུས་ནས་མིག་དང་སོ་ལ་སྲུང་སྐྱོང་གི་གོམས་གཤིས་ཡག་པོ་ཞིག་འཇགས་ཆེད། ཉེ་ཆར། སྟོད་ལུང་བདེ་ཆེན་ཆུས་ཨུད་སྤྱི་ཚོགས་ལས་དོན་པུས་གཅེས་སེམསལྡན་པའི་ཁེ་ལས་དང་མཉམ་འབྲེལ་བྱས་ཏེ་སྟོད་ལུང་བདེ་ཆེན་ཆུས་སྐད་གཉིས་བུ་བཅོལ་ཁང་གཉིས་པར་སློབ་གྲྭར་བདེ་ཐང་གི་དང་བླངས་ཞབས་ཞུའི་བྱེད་སྒོ་སྤེལ་ནས་བུ་བཅོལ་ཁང་དེའི་བྱིས་པ་260ཙམ་ལ་མིག་ཤེད་བརྟག་དཔྱད་དང་སོ་རུལ་སྔོན་འགོག་གི་ཆེད་དོན་ཞིབ་བཤེར་བྱས་པ་རེད།
བྱེད་སྒོའི་ནང་། བོད་ལྗོངས་ཡར་པོ་ཧྲི་ཁ་སྦུག་སྨན་ཁང་ཏང་ཀྲི་པུའུ་ཡི་སྨན་དོན་མི་སྣས་དང་ཐོག་སྟོད་ལུང་བདེ་ཆེན་ཆུས་སྐད་གཉིས་བུ་བཅོལ་ཁང་གཉིས་པའི་བྱིས་པ་དང་དེ་བཞིན་ཁྱིམ་བདག་ཚོར་སོ་གཅེས་སོ་སྲུང་གི་གཞི་རྩའི་རྒྱུན་ཤེས་འགྲེལ་བཤད་བརྒྱབ་པ་རེད། དེ་རྗེས་སྨན་དོན་པས་སོའི་འདྲ་དཔེ་སྤྱད་དེ་ཡུལ་དངོས་སུ་ཕྲུ་གུ་ཚོའི་སྣེ་ཁྲིད་དེ་པ་ཧྲིའི་སོ་བཀྲུ་སྟངས་ལ་སློབ་སྦྱོང་བྱས་པ་དང་ཆ་རྐྱེན་དང་མཐུན་པའི་ཕྲུ་གུའི་སོ་ལ་ཧྥུལ་བྱུག་ཤིང་། བྱུག་སྟངས་བྱང་ཆུབ་པ་དང་ཆེད་ལས་ཞིབ་ཚགས་ཡིན་པ་དང་དུས་མཚུངས་ཕྲུ་གུ་ཚོར་ཞོགས་དགོང་སོ་བཀྲུ་བ་དང་ཟ་མ་བཟས་རྗེས་ཁ་བཤལ་བའི་གོམས་གཤིས་རྒྱུན་འཁྱོངས་བྱེད་དགོས་པའི་འབོད་སྐུལ་བྱས་པ་རེད། བོད་ལྗོངས་ཡུས་ཧྲེ་མིག་ཤེལ་མུ་འབྲེལ་ཚད་ཡོད་འགན་འཁྲི་ཀུང་སིའི་ལས་དོན་པས་ད་དུང་མིག་ཤེད་ལ་བརྟག་དཔྱད་བྱས་ཤིང་། ཆེད་ལས་ཀྱི་སྒྲིག་ཆས་སྤྱད་དེ་བྱིས་པ་ཚང་མའི་མིག་ཤེད་དང་འོད་ཀྱོག་ཚད་ལ་ཞིབ་དཔྱད་བྱས་པར་མ་ཟད། བྱིས་པ་ཚང་མའི་མིག་ཤེད་བརྟག་དཔྱད་བྱས་འབྲས་ཀྱི་ཆ་འཕྲིན་ཡིག་ཚགས་བཟོས་ནས་ཁྱིམ་བདག་ལ་སྤྲད་དེ་ཁྱིམ་བདག་གིས་ཕྲུ་གུའི་མིག་ཤེད་ཀྱི་གནས་ཚུལ་ལ་དུས་ཐོག་ཏུ་ཤེས་རྟོགས་ཐུབ་རྒྱུར་སྟབས་བདེ་བསྐྲུན་ཡོད་པ་རེད།
ཁྱིམ་བདག་ཁྲེན་ཅི་ཧུའེ་ཡིས་དེ་རིང་སྟོད་ལུང་བདེ་ཆེན་ཆུས་ཨུད་སྤྱི་ཚོགས་ལས་དོན་པུས་བུ་བཅོལ་ཁང་དུ་རིན་མེད་ངང་ཧྥུལ་བྱུག་པ་དང་མིག་ཤེད་བརྟག་དཔྱད་ཀྱི་བྱེད་སྒོ་སྒྲིག་འཛུགས་བྱས་ནས་སྤེལ་བ་དེ་ནི་ཧ་ཅང་སྙིང་ཉེ་བ་ཞིག་རེད། ང་ཚོའི་ཁྱིམ་བདག་གིས་ཕྲུ་གུའི་ཁ་སྦུག་གི་ནད་གཞི་འགྱུར་ལྡོག་འགྲོ་ཚུལ་དང་མིག་ཤེད་ཀྱི་གནས་ཚུལ་ལ་དུས་ཐོག་ཏུ་ཤེས་རྟོགས་ཐུབ་ནས་སྔ་ཙམ་ཤེས་རྟོགས་དང་སྔ་ཙམ་ནས་སྨན་བཅོས་བྱས་ཏེ་ཕྲུ་གུའི་བདེ་ཐང་ལ་སྲུང་སྐྱོབ་ཐུབ་པ་བྱ་རྒྱུ་ཡིན་ཞེས་བཤད།
ད་ཐེངས་ཀྱི་དང་བླངས་ཞབས་ཞུའི་བྱེད་སྒོའི་ཐོག་བྱིས་པའི་མིག་ཤེད་དང་ཁ་སྦུག་གི་རྒྱུན་ལྡན་མིན་པའི་གནས་ཚུལ་ལ་དུས་ཐོག་ཏུ་ཤེས་རྟོགས་བྱུང་ནས་ཁྱིམ་བདག་ལ་མཛུབ་ཁྲིད་རང་བཞིན་གྱི་གྲོས་འགོ་བཏོན་པ་དེས་ཕྲུ་གུ་ཚོའི་ཆུང་དུས་ནས་སོ་གཅེས་སྐྱོང་དང་མིག་སྲུང་སྐྱོང་གི་འདུ་ཤེས་ཆགས་རྒྱུར་རོགས་རམ་ཐུབ་པར་མ་ཟད། ཁྱིམ་བདག་དང་དགེ་རྒན་གྱིས་ཕྲུ་གུའི་ཁ་སྦུག་འཕྲོད་བསྟེན་དང་དེ་བཞིན་སྔ་དུས་ཀྱི་མིག་ཤེད་སྲུང་སྐྱོང་ལ་མཐོང་ཆེན་བྱ་རྒྱུར་སྔར་བས་སྐུལ་འདེད་བཏང་བར་མ་ཟད། ཕྲུ་གུའི་སྔ་དུས་ཀྱི་མིག་ནད་དང་སོ་སྲིན་ལ་སྔ་ས་ནས་ཤེས་རྟོགས་དང་། སྔ་ས་ནས་བརྟག་དཔྱད། སྔ་ས་ནས་སྨན་བཅོས་བཅས་བྱས་ཏེ་མཉམ་དུ་ལག་གདང་སྦྲེལ་ནས་ཕྲུ་གུ་ཚོའི་འཚར་ལོངས་ལ་སྲུང་སྐྱོང་བྱས་པ་རེད།
(བསྟན་རྡོར་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社