(པར་ངོས་དང་པོར་མཐུད)ལུས་རྩལ་གྱི་སྤྲོ་སྣང་ལོངས་སུ་སྤྱོད་རྒྱུ་དང་འགྲན་སློང་གི་སྤྲོ་སྣང་ཚོར་རྒྱུའི་རེ་བ་ཡོད་ཅེས་བཤད།
འགྲན་བསྡུར་ནང་ཞུགས་མཁན་བདམས་ཐོན་པའི་བདེ་འཇགས་དང་བློ་འདོད་ལ་འགན་ལེན་བྱ་ཆེད། སྒྲིག་འཛུགས་ཨུ་ལྷན་གྱིས་འགྲན་བསྡུར་གྲ་སྒྲིག་བྱེད་རིང་ཞིབ་ཚགས་ངང་ལས་དོན་མང་པོ་ཞིག་བསྒྲུབས་ནས་འགྲན་བསྡུར་ལམ་རྒྱུད་དུ་མཁོ་སྤྲོད་ས་ཚིགས་མང་པོ་བཙུགས་པས་བདམས་ཐོན་པ་ཚོར་དགོས་ངེས་ཀྱི་རྒྱབ་སྐྱོར་དང་རོགས་རམ་བྱས་པར་མ་ཟད། ཛ་དྲག་ཆེ་བའི་འགྲན་བསྡུར་ཁྲོད་ལྷ་སའི་མི་དམངས་ཀྱི་སྤྲོ་སེམས་ཚོར་ཐུབ་པ་བྱུང་ཡོད།
འགྲན་བསྡུར་ནང་ཆེད་ལས་ལུས་རྩལ་པ་ནས་ལས་ཞོར་དུ་དགའ་པོ་བྱེད་མཁན་བར་དང་། གཞོན་ནུ་ལོ་ཆུང་ནས་དར་མ་རྒན་རྒོན་བར་ཚང་མས་འགྲན་ལམ་ཐོག་རྒྱུག་པ་དང་བློ་བརྟན་འགྱུར་མེད་ཀྱི་སྙིང་སྟོབས་དང་འབད་འཐབ་ཀྱི་སྙིང་སྟོབས་མངོན་ཡོད་ལ། མར་སུན་རྒྱང་རྒྱུག་ལུས་རྩལ་ནང་རྒྱ་ཁྱབ་ངང་ཞུགས་པའི་རང་བཞིན་དང་བསྟུན་མཁས་རང་བཞིན་ཡང་མངོན་པར་མ་ཟད། ཧུར་བརྩོན་ཡར་ཐོན་གྱི་དྲང་ནུས་ཀྱང་བརྒྱུད་སྤྲོད་བྱས་ཡོད།
ཝུའུ་ཧན་ནས་ཡིན་པའི་ཡུལ་སྐོར་བ་ཐེན་ལིས། ངའི་བོད་རིགས་གྲོགས་པོ་ཆུང་ཆུང་ཚོས་རྟག་ཏུ་ང་ཚོར་ས་མཐོའི་མཛེས་སྡུག་ལྡན་པའི་ཡུལ་ལྗོངས་གླེང་གི་ཡོད། ད་ཐེངས་ལམ་ཕྱེད་མར་སུན་རྒྱང་རྒྱུག་ནང་ཞུགས་པའི་གོ་སྐབས་དང་བསྟུན་ནས་ལྷ་སའི་མཛེས་ལྗོངས་མཐོང་བ་ནི་དངོས་ནས་ཧ་ལས་ཧང་སངས་དགོས་པ་ཞིག་རེད། ལྷ་སས་ང་ཚོར་ད་ཐེངས་ཀྱི་གོ་སྐབས་སྤྲད་པར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ཞེས་བཤད།
ཆུ་ཚོད་གཅིག་ལྷག་ཙམ་གྱི་འགྲན་སློང་བྱས་པ་བརྒྱུད། དོན་གྲུབ་ཚེ་རིང་ལ་ཆུ་ཚོད་1དང་སྐར་མ་12དང་སྐར་ཆ་57གྱི་གྲུབ་འབྲས་ཐོག་ནས་ལམ་ཕྱེད་མར་སུན་རྒྱང་རྒྱུག་གི་སྐྱེས་པའི་ཚོགས་ཆུང་གི་ཨང་དང་པོ་ཐོབ་པ་དང་། བསྟན་འཛིན་ཆོས་སྒྲོན་ལ་ཆུ་ཚོད་1དང་སྐར་མ་25དང་སྐར་ཆ་20ཡི་གྲུབ་འབྲས་ཐོག་ནས་བུད་མེད་ཚོགས་ཆུང་གི་ཨང་དང་པོ་ཐོབ་པ་རེད། འགྲན་བསྡུར་མཇུག་འགྲིལ་རྗེས་བྱ་དགའ་སྤྲོད་པའི་མཛད་སྒོ་འཚོགས་ནས་ལམ་ཕྱེད་མར་སུན་རྒྱང་རྒྱུག་གི་སྐྱེས་པའི་ཚོགས་ཆུང་དང་། བུད་མེད་ཚོགས་ཆུང་། དེ་བཞིན་མྱུར་རྒྱུག་སྐྱེས་པའི་ཚོགས་ཆུང་དང་བུད་མེད་ཚོགས་ཆུང་བཅས་ཀྱི་ཨང་དང་པོ་ནས་གསུམ་པའི་བར་ལ་བྱ་དགའ་སྤྲད་པ་རེད།
རྒྱལ་ནང་དུ་ཁས་ལེན་བྱས་པའི་ས་བབ་མཐོ་ཤོས་ཀྱི་མར་སུན་རྒྱང་རྒྱུག་ཡིན་པའི་ལྷ་སའི་ལམ་ཕྱེད་མར་སུན་རྒྱང་རྒྱུག་2018ལོར་འགོ་བཙུགས་པ་ནས་བཟུང་བདེ་བླག་ངང་སྐབས་བཞི་གཉེར་བ་རེད། 2024ལོའི་ལྷ་སའི་ལམ་ཕྱེད་མར་སུན་རྒྱང་རྒྱུག་འགྲན་བསྡུར་ཐད་རྒྱུག་ལམ་གྱི་ཇུས་འགོད་གསར་རྐྱང་བྱས་པ་དང་འགྲན་བསྡུར་ནང་ཞུགས་མཁན་མི་གྲངས་དང་དེ་བཞིན་འགྲན་བསྡུར་གྱི་གཞི་ཁྱོན་ཚང་མ་ལོ་རྒྱུས་ཐོག་གི་མཐོ་ཤོས་ཡིན། ལྷ་སའི་མཛེས་སྡུག་ལྡན་པའི་རང་བྱུང་མཛེས་ལྗོངས་ཀྱི་ལེགས་ཆ་དང་གཏིང་ཟབ་པའི་ལོ་རྒྱུས་རིག་གནས་ཀྱི་རྨང་གཞི་ལ་བརྟེན་ནས་འགྲན་ལམ་མཛེས་ཤོས་གཏོད་རྒྱུར་གཞོལ་ཡོད། འགྲན་བསྡུར་ནང་ཞུགས་མཁན་བདམས་ཐོན་པ་རྣམས་འགྲན་བསྡུར་ནང་རྒྱུག་པ་ནི་རི་མོའི་ཁྲོད་དུ་རྒྱུག་པ་ལྟ་བུ་རེད་ཅེས་བརྗོད་ཆོག འགྲན་བསྡུར་མཇུག་འགྲིལ་རྗེས་བདམས་ཐོན་པ་ཚོས་གཅིག་རྗེས་གཉིས་མཐུད་ངང་ལག་ཐོགས་ཁ་པར་བཏོན་ནས་ཕོ་བྲང་པོ་ཏ་ལ་དང་མཉམ་དུ་དྲན་རྟེན་པར་བརྒྱབ་སྟེ་ལྷ་སའི་རང་བྱུང་དང་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་ཀྱི་མཛེས་སྡུག་ལོངས་སྤྱོད་བྱས་པ་རེད།
(ལྷག་པ་ཚེ་རིང་གིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社