分享按钮

སྡེ་ཚན་7གྱིས་རླངས་འཁོར་རྙིང་པ་གསར་པར་བརྗེ་བའི་འབྲེལ་ཡོད་ལས་དོན་སྔར་བས་ལེཊ་པར་བསྒྲུབ་རྒྱུའི་སྐོར་གྱི་བརྡ་ཐོ་བཏང་བ།

ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་8ཚེས་16ཉིན་གློག་འཕྲིན་འབྱོར་གསལ།ཚེས་16ཉིན།ཚོང་དོན་པུའུ་སོགས་སྡེ་ཚན་7གྱིས་རླངས་འཁོར་རྙིང་པ་གསར་པར་བརྗེ་བའི་འབྲེལ་ཡོད་ལས་དོན་སྔར་བས་ཡག་པོ་བསྒྲུབ་རྒྱུའི་སྐོར་གྱི་བརྡ་ཐོ་བཏང་རེད།

བརྡ་ཐོ་ལྟར་ན།《རླངས་འཁོར་རྙིང་པ་གསར་པར་བརྗེ་བའི་ཁ་གསབ་ལག་བསྟར་ཞིབ་སྲོལ》གྱི་གཏན་འབེབས་དང་མཐུན་ཞིང་། རླངས་འཁོར་རྙིང་པ་བེད་མེད་དུ་གྱུར་ནས་རླངས་འཁོར་གསར་པ་ཉོ་དགོས་པའི་མི་སྒེར་གྱིས་ནུས་རྒྱུ་གསར་པའི་རླངས་འཁོར་ཉོས་ན་སྒོར་ཁྲི་1དང་སྣུམ་སྤྱོད་རླངས་འཁོར་ཉོས་ན་སྒོར་7000ཁ་གསབ་བྱ་རྒྱུ་དེ། སྒོར་ཁྲི་2དང་སྒོར་ཁྲི་1.5བར་མཐོ་རུ་བཏང་ཡོད། 《རླངས་འཁོར་རྙིང་པ་གསར་པར་བརྗེ་བའི་ཁ་གསབ་ལག་བསྟར་ཞིབ་སྲོལ》པར་འགྲེམས་བྱེད་ཉིན་ཏེ་2024ལོའི་ཟླ་4ཚེས་24ཉིན་ནས་2025ལོའི་ཟླ་1ཚེས་10ཉིན་བར་ཆ་རྐྱེན་དང་མཐུན་པའི་ཁ་གསབ་རེ་ཞུ་འབུལ་མཁན་ཚང་མར་བརྡ་ཐོ་འདིའི་ནང་གཏན་འབེབས་བྱས་པའི་ཚད་གཞི་ལྟར་ཁ་གསབ་སྤྲོད་རྒྱུ་རེད། དེའི་རིང་། དེ་སྔོན་གྱི་ཚད་གཞི་ལྟར་ཁ་གསབ་སྤྲད་ཟིན་ཚེ་ས་གནས་ཁག་གིས་བརྡ་ཐོའི་ནང་གཏན་འབེབས་བྱས་པའི་ཚད་གཞི་ལྟར་ཆད་གསབ་བྱ་རྒྱུ་རེད།

ཁ་གསབ་རེ་ཞུ་འབུལ་སྐབས། བེད་མེད་དུ་གྱུར་པའི་རླངས་འཁོར་གྱི་བདག་པོ་དང་གསར་དུ་ཉོས་པའི་རླངས་འཁོར་གྱི་བདག་པོ་དེ་མི་གཅིག་ཡིན་དགོས་པ་དང་། བེད་མེད་དུ་གྱུར་པའི་རླངས་འཁོར་དེ་ནི་རྒྱལ་ཁབ་ཀྱི་ཁོར་སྲུང་ཨང་གསུམ་པ་མན་གྱི་སྣུམ་སྤྱོད་རླངས་འཁོར་དང་2018ལོའི་ཟླ་4ཚེས་30ཉིན་གྱི་གོང་དུ་ཐོ་འགོད་བྱས་པའི་ནུས་རྒྱུ་གསར་པའི་རླངས་འཁོར་ཡིན་ཚེ། 2024ལོའི་ཟླ་7ཚེས་25ཉིན་གྱི་གོང་དུ་རེ་ཞུ་འབུལ་མཁན་གྱི་མིང་ཐོག་ནས་ཐོ་འགོད་བྱེད་དགོས་པ་དང་། བརྡ་ཐོ་འདི་ཁྱབ་བསྒྲགས་བྱས་པའི་ཉིན་ནས་བཟུང་། ཁ་གསབ་རེ་ཞུར་ཞིབ་བཤེར་དང་གཏན་འབེབས་བྱེད་རིང་གསར་དུ་ཉོས་པའི་རླངས་འཁོར་དེ་རེ་ཞུ་འབུལ་མཁན་གྱི་མིང་ཐོག་ནས་ཐོ་འགོད་བྱེད་དགོས།

བརྡ་ཐོའི་ནང་། བེད་མེད་དུ་གྱུར་པའི་རླངས་འཁོར་དེ་རླངས་འཁོར་གསར་པ་དང་བརྗེ་བའི་ཞིབ་བཤེར་གཏན་འབེབས་དང་ཁ་གསབ་སྤྲོད་པའི་ལྟ་སྐུལ་དོ་དམ་གྱི་བརྒྱུད་རིམ་ལེགས་སུ་བཏང་ནས། གོ་རིམ་ལྟར་ཁ་གསབ་མ་དངུལ་རེ་ཞུ་འབུལ་མཁན་གྱིས་མཁོ་འདོན་བྱས་པའི་དངུལ་ཁང་གི་རྩིས་ཁྲར་དངུལ་བླུག་དགོས་པའི་བླང་བྱ་བཏོན་ཡོད་པས། ས་གནས་ཁག་གིས་རླངས་འཁོར་བརྗེ་བའི་ལག་བསྟར་ཇུས་གཞི་མགྱོགས་མྱུར་བཟོས་ནས་ཁ་གསབ་ཀྱི་ཚད་གཞི་དང་། ཁ་གསབ་ཀྱི་ཆ་རྐྱེན། ལག་བསྟར་བྱེད་སྟངས་བཅས་ལུགས་མཐུན་ངང་གཏན་འཁེལ་བྱེད་དགོས།

རྒྱལ་ཡོངས་ཀྱི་རླངས་འཁོར་འཁོར་རྒྱུག་ཆ་འཕྲིན་དོ་དམ་མ་ལག་གི་དྲ་ཚིགས་སམ་ཡང་ན“རླངས་འཁོར་གསར་པ་བརྗེ་བའི”བྱ་རིམ་ཆུང་གྲས་ནང་ཐོ་འགོད་བྱས་ཚེ། རླངས་འཁོར་གསར་པ་བརྗེ་བའི་ཁ་གསབ་རེ་ཞུ་བྱ་ཆོག་པ་དང་འགྲོ་ལུགས་གཉེར་བའི་མྱུར་ཚད་འདྲི་རྩད་བྱ་ཆོག་གི་ཡོད།

(ལྷག་པ་ཚེ་རིང་གིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-08-19 6 6 拉萨日报藏文 c186428.html 1 སྡེ་ཚན་7གྱིས་རླངས་འཁོར་རྙིང་པ་གསར་པར་བརྗེ་བའི་འབྲེལ་ཡོད་ལས་དོན་སྔར་བས་ལེཊ་པར་བསྒྲུབ་རྒྱུའི་སྐོར་གྱི་བརྡ་ཐོ་བཏང་བ། /enpproperty-->