分享按钮

ཁྲེང་ཀོན་ཆུས་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་གིས་ལས་རིགས་རྩལ་ནུས་འགྲན་བསྡུར་ཆེན་མོ་གཉེར་བ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ།ཟླ་8ཚེས་15ཉིན། ཁྲེང་ཀོན་ཆུས་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་གིས་ལས་རིགས་རྩལ་ནུས་འགྲན་བསྡུར་ཆེན་མོ་གཉེར་བ་དང་།ཁྲེང་ཀོན་ཆུས་ཀྱི་སྨན་བཅོས་འཕྲོད་བསྟེན་སྒྲིག་གཞི་17གྱི་སྨན་དོན་པ་68འགྲན་བསྡུར་ནང་ཞུགས་པ་རེད།

འགྲན་བསྡུར་ཆེན་མོ་དེ་རིགས་པའི་གཞུང་ལུགས་ཀྱི་ཡིག་རྒྱུགས་དང་དོན་དངོས་ཀྱི་བཀོལ་སྤྱོད་ཅེས་ལྷུ་ཚིགས་ཆེན་པོ་གཉིས་སུ་ཕྱེ་ནས་འགྲན་བསྡུར་སྤེལ་ཏེ།འགྲན་ཞུགས་པའི་ཆེད་ལས་ཀྱི་བྱང་ཚད་དང་དངོས་འཐབ་ཀྱི་ནུས་པར་ཕྱོགས་ཡོངས་ནས་རྟོག་ཞིབ་བྱ་རྒྱུ་ཡིན་པ་རེད།དོན་དངོས་བཀོལ་སྤྱོད་ཀྱི་ལྷུ་ཚིགས་ནང་མགོའི་ཁྲག་འགོག་པར་རྨ་རས་དཀྲི་བ་དང་།འབུ་ཕྲ་མེད་པའི་བཀོལ་སྤྱོད། སྨན་ཆུ་རྒྱག་པ་སོགས་རྟོག་བཟོའི་རྣམ་པ་བཀོད་སྒྲིག་བྱས་ནས་འགྲན་བསྡུར་ནང་ཞུགས་མཁན་ཚོས་རེས་མོས་ཀྱིས་བཀོལ་སྤྱོད་བྱས་ཏེ་ཁོང་ཚོའི་རྩེར་སོན་གྱི་ལག་རྩལ་དང་ཐོལ་བྱུང་གནས་ཚུལ་ལ་ཁ་གཏད་གཅོག་པའི་མྱུར་སྐྱོབ་ནུས་པ་མངོན་ཡོད་པ་རེད།འགྲན་བསྡུར་ཆེན་མོའི་ནང་དྲང་གཞག་དྲང་བདེན་ཡོང་བ་དང་ཆེད་ལས་རང་བཞིན་ལ་འགན་ལེན་བྱ་ཆེད།འགྲན་བསྡུར་ཆེན་མོའི་ནང་རང་སྐྱོང་ལྗོངས་རིམ་པ་དང་གྲོང་ཁྱེར་རིམ་པའི་མྱུར་སྐྱོབ་རིགས་གཅིག་མཁས་ཅན་དང་།སྨན་བཅོས་སྒྲིག་གཞིའི་མྱུར་སྐྱོབ་ཚན་ཁག་གི་ཀྲུའུ་རེན།ནད་གཡོག་པུའི་ཀྲུའུ་རེན་སོཊ་ལས་གྲུབ་པའི་ཞིབ་དཔྱད་ཨུ་ཡོན་ཚོགས་པ་བཙུགས་ནས་འགྲན་བསྡུར་ནང་ཞུགས་མཁན་ལ་སྐར་མ་བརྒྱབ་པ་རེད།

ཁྲེང་ཀོན་ཆུས་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་སྨན་བཅོས་ཆབ་སྲིད་ཁོའོ་ཡི་ཀྲུའུ་རེན་གཞོན་པའམ་སྨན་པ་ཀུན་མཆོག་ཕུན་ཚོགས་ཀྱིས་ད་ཐེངས་ཀྱི་འགྲན་བསྡུར་ཆེན་མོ་གཉེར་བའི་དམིགས་ཡུལ་གཙོ་བོ་ནི་གཞི་རིམ་སྨན་བཅོས་སྒྲིག་གཞིའི་སྨན་དོན་པའི་ལས་སྒོའི་ཆུ་ཚད་མཐོ་རུ་བཏང་ནས་རྒྱ་ཆེའི་མང་ཚོགས་ལ་དེ་བས་སྤུས་ལེགས་དང་།ནུས་ཆེ།བདེ་འཇགས་བཅས་ཀྱི་སྨན་བཅོས་འཕྲོད་བསྟེན་གྱི་ཞབས་ཞུ་བསྒྲུབས་ཏེ་ཁྲེང་ཀོན་ཆུས་ཀྱི་འཕྲོད་བསྟེན་བདེ་ཐང་བྱ་གཞག་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་མགྱོགས་མྱུར་གཏོང་རྒྱུ་དེ་ཡིན་ཞེས་བཤད།

ངོ་སྤྲོད་བྱས་པར་གཞིགས་ན།འགྲན་བསྡུར་ཆེན་མོ་མ་སྤེལ་གོང་གི་ཉིན་གསུམ་ནང་།ཁྲེང་ཀོན་ཆུས་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱིས་ཆེད་མངགས་གཅིག་སྡུད་གསོ་སྦྱོང་སྒྲིག་འཛུགས་བྱས་ནས་ལས་རིགས་ནང་ཁུལ་གྱི་རིགས་གཅིག་མཁས་ཅན་གདན་དྲངས་ཏེ་མྱུར་སྐྱོབ་ཤེས་བྱ་དང་རྩལ་ནུས་ཀྱི་གཙོ་གནད་ལ་འགྲེལ་བཤད་བརྒྱབ་པ་རེད།ད་ཐེངས་ཀྱི་ལས་རིགས་རྩལ་ནུས་འགྲན་བསྡུར་དེ་འགྲན་བསྡུར་ནང་ཞུགས་མཁན་གྱི་གསོ་རིག་རྩལ་ནུས་ལ་ཕྱོགས་ཡོངས་ནས་ཞིབ་བཤེར་བྱས་པ་ཞིག་ཡིན་པར་མ་ཟད།ཁྲེང་ཀོན་ཆུས་ཀྱི་སྨན་དོན་པའི་སློབ་སྦྱོང་གི་སྤྲོ་སེམས་དེ་བས་འཕེལ་བར་བྱས་པ་དང་།སྨན་བཅོས་སྐྱོབ་བཅོས་ཀྱི་ཆུ་ཚད་མཐོ་རུ་གཏོང་བ།སྨན་བཅོས་ཀྱི་སྤུས་ཚད་དང་ཞབས་ཞུའི་ནུས་པ་ལེགས་སུ་གཏོང་བ་བཅས་ལ་རྨང་གཞི་བརྟན་པོ་བཏིང་ཡོད་པ་རེད།

ཁྲེང་ཀོན་ཆུས་མི་དམངས་སྨན་ཁང་གི་སྨན་པ་ཆིའུ་ཡིའུ་ཧུའེ་ཡིས་ད་ཐེངས་ཀྱི་གསོ་སྦྱོང་དང་འགྲན་བསྡུར་ནང་ཞུགས་པ་བརྒྱུད།རང་ཉིད་ཀྱི་ལས་ཀའི་ཁྲོད་ཀྱི་མི་འདང་ས་ངོས་འཛིན་གཏིང་ཟབ་བྱུང་ཡོད།ཕྱིས་འབྱུང་ངས་སྦྱངས་པའི་རྩ་ཆེའི་ཉམས་མྱོང་རྒྱུན་གཏན་གྱི་ལས་ཀའི་ཁྲོད་བེད་སྤྱོད་བྱས་ནས་ཁྲེང་ཀོན་ཆུས་ཀྱི་འཕྲོད་བསྟེན་བདེ་ཐང་བྱ་གཞག་ཐད་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་རྒྱུ་ཡིན་ཞེས་བཤད། (བུ་ཆུང་གིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-08-18 6 6 拉萨日报藏文 c186296.html 1 ཁྲེང་ཀོན་ཆུས་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་གིས་ལས་རིགས་རྩལ་ནུས་འགྲན་བསྡུར་ཆེན་མོ་གཉེར་བ། /enpproperty-->