分享按钮

རང་གྲོང་དུ་བོད་མི་དམངས་ཀྱི་བདེ་ཐང་ཞེས་པའི་ཡོན་ཧྲི་དང་རིགས་གཅིག་མཁས་ཅན་གྱིས་བོད་དུ་འོས་འགན་སྨན་བཅོས་བྱེད་པའི་བྱེད་སྒོ་སྐབས་གསུམ་པ་སྤེལ་བ།

པར་འདི་ནི་རིགས་གཅིག་མཁས་ཅན་གྱིས་འོས་འགན་སྨན་བཅོས་ཀྱི་བྱེད་སྒོ་སྤེལ་བཞིན་པ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཟླ་8ཚེས་16ཉིན། བོད་ལྗོངས་འཕེལ་རྒྱས་རོགས་སྐྱོར་ཐེབས་རྩ་ལྷན་ཚོཊ་ཀྱིས་གཙོ་གཉེར་བྱས་པ་དང་། བོད་རང་སྐྱོང་ལྗོངས་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་དང་། ལྷ་ས་གྲོང་ཁྱེར་གྱི་མི་དམངས་སྲིད་གཞུང་། གཞིས་ཀ་རྩེ་གྲོང་ཁྱེར་མི་དམངས་སྲིད་གཞུང་། ལྷ་ས་གྲོང་ཁྱེར་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་དང་གཞིས་ཀ་རྩེ་གྲོང་ཁྱེར་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་བཅས་ཀྱིས་མཉམ་དུ་གཉེར་བ། བོད་ལྗོངས་སློབ་ཆེན་གྱི་ཞོར་གཏོགས་སྨན་ཁང་ཧྥུའུ་ཁང་སྨན་ཁང་དང་ཧྭ་དབྱི་ཤིན་ཁྲེང་གི་སྨན་པ་ཚོགས་པས་གཉེར་འགན་འཁུར་བའི་2024ལོའི་བོད་མི་དམངས་ཀྱི་བདེ་ཐང་ཞེས་པའི་ཡོན་ཧྲི་དང་རིགས་གཅིག་མཁས་ཅན་གྱིས་བོད་དུ་འོས་འགན་སྨན་བཅོས་བྱེད་པའི་བྱེད་སྒོ་དེ་བོད་ལྗོངས་ཧྥུའུ་ཁང་སྨན་ཁང་གི་ཕྱོཊ་བསྡུས་སྨན་ཁང་ཁུལ་དུ་སྤེལ་བ་རེད།

འོས་འགན་སྨན་བཅོས་བྱ་ཡུལ་དུ། བློ་འདྲི་དང་སྨན་བཅོས་བྱེད་པར་ཡོང་མཁན་ནད་པ་རྒྱུན་ཆད་མེད་ཅིང་། དང་བླངས་པའི་གཞོགས་འདེགས་འོག་རིགས་གཅིག་མཁས་ཅན་གྱིས་ནད་པའི་ནད་གཞིར་འདྲི་རྩད་ཞིབ་ཕྲ་བྱས་པ་དང་། བརྟག་དཔྱད་བྱས་འབྲས་ལ་དབྱེ་ཞིབ་ཞིབ་ཕྲ་བྱས་ནས་ཆེད་ལས་ཀྱི་ཐོག་ནས་ནད་གཞིར་བརྟག་དཔྱད་བྱས་པ་དང་སྦྲགས། ནད་པས་བཏོན་པའི་གནད་དོན་སྣ་ཚོགས་ལ་ངང་རྒྱུད་རིང་པོའི་སྒོ་ནས་ལན་བརྒྱབ་པ་དང་།ནད་པའི་ནད་གཞིར་དབྱེ་ཞིབ་བྱས་ནས་ནད་ཐོག་སྨན་བཅོས་བྱ་རྒྱུའི་གྲོས་འགོ་བཏོན་པ་རེད།

གྲོང་མི་ཨ་ཅག་ལི་ལགས་ཀྱིས་ངའི་ཨ་མར་ལོ་བཅུ་གྲངས་རིང་ཁྲག་ཤེད་མཐོན་པོ་ཡོད་པས་སྐད་འཕྲིན་གྱི་གྲོགས་ཚོམས་ནས་འོས་འགན་སྨན་བཅོས་ཀྱི་བྱེད་སྒོ་སྤེལ་གྱི་ཡོད་པའི་སྐོར་མཐོང་བྱུང་བས།དེ་རིང་ཞོགས་པ་ཨ་མ་ཁྲིད་དེ་བརྟག་དཔྱད་བྱེད་པར་ཡོང་བ་ཡིན་ལ། སྨན་དོན་པས་རིན་མེད་ངང་བརྟག་དཔྱད་བྱེད་པའི་འཛིན་ཤོག་སྤྲད་པར་མ་ཟད།རྣམ་འགྱུར་ཡང་ཧ་ཅང་ཡག་པོ་འདུག་ཅེས་བཤད། ཐེངས་འདིའི་འོས་འགན་སྨན་བཅོས་ཚོགས་པ་ནི་ཞིང་ཆེན་དང་རང་སྐྱོང་ལྗོངས་24དང་གྲོང་ཁྱེར་54ནས་ཡོང་བའི་ཀྲུང་གོ་ཚན་རིག་ཁང་གི་འབྲེལ་ཡོད་ཁྱབ་ཁོངས་ཀྱི་ཡོན་ཧྲི་དང་། རྒྱལ་ནང་དུ་སྐད་གྲགས་ཡོད་པའི་ཀ་པ་རིམ་པ་གསུམ་པའི་སྨན་ཁང་གི་སྙིང་ཁམས་ཁྲག་རྩའི་ཚན་ཁག་གི་རིགས་གཅིག་མཁས་ཅན། དེ་བཞིན་ཚན་པ་ཁག་གི་རིགས་གཅིག་མཁས་ཅན་དང་དང་བླངས་པ་བཅས་མི་260ཙམ་ལས་གྲུབ་པ་ཞིག་རེད། ཁོང་ཚོ་ལྷ་ས་གྲོང་ཁྱེར་དང་གཞིས་ཀ་རྩེ་གྲོང་ཁྱེར་དུ་བསྐྱོད་དེ་དུས་ཡུན་ཉིན་4ཡི་འོས་འགན་སྨན་བཅོས་སྤེལ་རྒྱུ་ཡིན་པ་རེད། དེའི་ནང་བོད་ལྗོངས་ཧྥུའུ་ཁང་སྨན་ཁང་གི་འོས་འགན་སྨན་བཅོས་བྱ་ཡུལ་དུ་སྙིང་ཁམས་ཁྲག་རྩའི་ཁོག་ནད་ཚན་ཁག་དང་།མིག་ནད་ཚན་ཁག ཕོ་བ་དང་རྒྱུ་མའི་ཕྱི་ནད་ཚན་ཁག སྐྲན་ནད་ཚན་ཁག འཕྲལ་བཅོས(ཁོག་ནད)ཚན་ཁག ཀྲུང་ལུགས་གསོ་རིག་ཚན་ཁག ཕྱོགས་བསྡུས་ཚན་ཁག་སོགས་ཚན་ཁག་མང་པོ་བཙུགས་ཡོད་ལ། སྨན་བཅོས་རིགས་གཅིག་མཁས་ཅན་24ཡིས་ཡུལ་དངོས་སུ་སྨན་བཅོས་བྱེད་ཀྱིན་ཡོད། གཞན་ཡང་། བོད་སྐྱོད་རིགས་གཅིག་མཁས་ཅན་ཚོས་ད་དུང་གྲོང་ཁྱེར་གཉིས་སུ་ཆེད་དོན་ཞིབ་བསྡུར་དང་རིག་ཚན་གསོ་སྦྱོང་གི་རྣམ་པའི་ཐོག་ནས་རིག་གཞུང་གསོ་སྦྱོང་གི་བྱེད་སྒོ་ཡང་སྤེལ་གྱིན་ཡོད།

ལོ་གསུམ་བསྟུད་མར་བོད་མི་དམངས་ཀྱི་བདེ་ཐང་ཞེས་པའི་ཡོན་ཧྲི་དང་རིགས་གཅིག་མཁས་ཅན་བོད་དུ་འོས་འགན་སྨན་བཅོས་བྱེད་པའི་བྱེད་སྒོའི་ནང་ཞུགས་མཁན་དེ་སྔའི་ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་མཁའ་དམག་གསོ་རིག་ལྟེ་གནས་སྙིང་ཁམས་ཁྲག་རྩའི་ཚན་ཁག་གི་སྨན་རམས་པ་ལིའུ་ཁྲའོ་ཀྲུང་གིས་བོད་དུ་འོས་འགན་སྨན་བཅོས་ཐེངས་གསུམ་བྱས་པ་དེས་ངས་བོད་ཀྱི་སྙིང་ནད་ཐོན་ཚུལ་དང་།ནད་པའི་གནས་ཚུལ།དེ་བཞིན་སྨན་བཅོས་ཆ་རྐྱེན་ཚང་མ་ཤེས་རྟོགས་བྱུང་། ངས་བལྟས་ན་མང་ཚོགས་ཀྱི་བདེ་ཐང་གི་འདུ་ཤེས་ད་དུང་མཐོ་རུ་གཏོང་དགོས་སྙམ།ནད་པ་མང་པོ་ཞིག་གིས་རང་གི་ཁྲག་ཤེད་ཧ་ཅང་མཐོན་པོ་ཡོད་པ་རྩ་བ་ནས་ཤེས་ཀྱི་མི་འདུག གནས་ཚུལ་དེ་རིགས་ལ་གཞིགས་ན།ང་ཚོའི་འོས་འགན་སྨན་བཅོས་ནི་དོན་སྙིང་ཧ་ཅང་ཆེན་པོ་ལྡན་པ་ཞིག་ཡིན་པ་སྟེ། ཕྱོགས་གཅིག་ནས་མང་ཚོགས་ལ་དཀའ་གནད་ཆེ་བའི་ནད་གཞི་ཐག་གཅོད་བྱེད་རོགས་བྱེད་པ་དང་སྦྲགས། བདེ་ཐང་གི་ཤེས་བྱ་དང་བདེ་ཐང་གི་འདུ་ཤེས་གོང་མཐོར་བཏང་བ་དང་།ཕྱོཊ་གཞན་ཞིག་ནས་མང་ཚོགས་ཚོས་རང་ཉིད་ཀྱི་བདེ་ཐང་ལ་ངོས་འཛིན་ཡང་དག་ཐུབ་ངེས་རེད་ཅེས་བཤད།

བོད་མི་དམངས་ཀྱི་བདེ་ཐང་ཞེས་པའི་སྤྱི་ཕན་རྣམ་གྲངས་བྱེད་སྒོ་སྤེལ་ཚུན།ས་གནས་རང་བཞིན་གྱི་ནད་གཞིའི་སྙིང་ཁམས་ཁྲག་རྩའི་ཆེད་ལས་ཚན་ཁག་གི་བདེ་ཐང་བརྟག་དཔྱད་རྣམ་གྲངས་དང་། དེ་བཞིན་འབྲེལ་ཡོད་ནད་གཞིར་ཆེད་ལས་མཁས་ཅན་གྱིས་ནད་བརྟག་སྨན་བཅོས་བྱས་པ་ཕུད། ད་དུང་ས་མཐོའི་ནད་གཞིར་བརྟག་དཔྱད་བྱེད་པའི་དྲ་སྦྲེལ་སྟེགས་བུ་དང་།སྙིང་ཁམས་ཁྲག་རྩའི་ནད་བརྟག་དཔྱད་ཀྱི་རྟེན་གཞི་ཧུར་ཐག་བཙུགས་ནས་བོད་མི་དམངས་ཀྱི་བདེ་ཐང་གི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་རྒྱུ་ཡིན་པ་རེད།

བོད་ལྗོངས་ཧྥུའུ་ཁང་སྨན་ཁང་གི་སྲིད་འཛིན་ཡོན་ཀྲང་གཞོན་པ་མ་ལེས་འོས་འགན་སྨན་བཅོས་ཀྱི་བྱེད་སྒོ་སྤེལ་རྒྱུ་ཡིན་པ་དྲིལ་བསྒྲགས་བྱས་པ་བརྒྱུད། ད་ལོར་སྨན་བཅོས་བྱེད་པར་ཡོང་མཁན་གྱི་མི་གྲངས་དེ་བས་མང་བ་དང་ཁྱབ་རྒྱ་དེ་བས་ཆེ་བ་ཡོད། ང་ཚོས་ད་དུང་འོས་འགན་སྨན་བཅོས་ཀྱི་བྱེད་སྒོ་རྒྱུན་མཐུད་ངང་སྤེལ་ནས།མང་ཚོགས་དེ་བས་མང་བ་བོད་ནས་ཐོན་མི་དགོས་པར་ལྗོངས་ཕྱིའི་གྲགས་ཅན་གྱི་རིགས་གཅིག་མཁས་ཅན་གྱི་ནད་བརྟག་སྨན་བཅོས་ཀྱི་ཞབས་ཞུ་ལོངས་སྤྱོད་ཐུབ་པར་བྱ་རྒྱུ་ཡིན་ཞེས་བཤད།

(ཕུར་སྒྲོན་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-08-18 6 6 拉萨日报藏文 c186297.html 1 རང་གྲོང་དུ་བོད་མི་དམངས་ཀྱི་བདེ་ཐང་ཞེས་པའི་ཡོན་ཧྲི་དང་རིགས་གཅིག་མཁས་ཅན་གྱིས་བོད་དུ་འོས་འགན་སྨན་བཅོས་བྱེད་པའི་བྱེད་སྒོ་སྐབས་གསུམ་པ་སྤེལ་བ། /enpproperty-->