分享按钮

གཙང་འགྲམ་ལུས་རྩལ་སྤྱི་གླིང་དུ་དོ་དམ་མ་འདང་བས་ཁོར་ཡུག་སྦགས་བཙོག་གིས་བསླད་པ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། སྤྱི་གླིང་དང་ཐང་ཆེན་ནི་མི་དམངས་ཀྱི་སྤྲོ་གསེང་བྱ་ཡུལ་དང་ལུས་སྦྱོང་བྱ་ཡུལ་གལ་ཆེན་ཞིག་ཡིན་པར་མ་ཟད། གྲོང་ཁྱེར་གྱི་ཤེས་དཔལ་གྱི་ཚད་མངོན་ས་ཞིག་ཀྱང་ཡིན། ཉིན་ཤས་གོང་། གསར་འགོད་པས་གྲོང་ཁྱེར་ཤེས་དཔལ་གཞུང་དོན་ཁང་གི་ལས་དོན་པ་དང་མཉམ་དུ་འཚམས་འདྲི་བྱེད་སྐབས། གཙང་འགྲམ་ལུས་རྩལ་སྤྱི་གླིང་ནང་། དོ་དམ་མི་འདང་བ་དང་། རྨང་གཞིའི་སྒྲིག་བཀོད་རྙིང་ཧྲུལ་ཆགས་པ། གད་སྙིགས་མང་བ་སོགས་ཀྱི་སྣང་ཚུལ་ཐོན་ནས་གྲོང་ཁྱེར་གྱི་གཟུགས་བརྙན་ལ་ཤུགས་རྐྱེན་ངན་པ་བཟོས་ཡོད།

ཆུ་སྒོ་གསུམ་པའི་ཟམ་ཆེན་ནས་གཙང་འགྲམ་ལུས་རྩལ་སྤྱི་གླིང་དུ་འཛུལ་ཚེ། ནེའུ་གསིང་མང་པོའི་ཐོག་ཏུ་ཤོག་སྒམ་དང་། འགྱིག་ཤོག གཙང་ཤོག འགྱིག་དམ། ཐ་མག་གི་སྒམ་སོགས་གད་སྙིགས་གང་སར་མཐོང་རྒྱུ་ཡོད་ལ། ཡལ་ག་སྐམ་པོ་དང་རྩྭ་ལྡུམ་ཡང་བགྲོད་ལམ་དཀྱིལ་དུ་སྤུངས་ཤིང་། བེད་མེད་དུ་བསྐྱུར་བའི་རླངས་འཁོར་གྱི་གདན་ཡང་སྡོང་བོའི་ཡལ་གའི་ཐོག་བསྐོན་ཡོད། སྤྱི་གླིང་འཛུལ་སྒོའི་འགྲམ་གྱི་ཤིང་གི་བར་ཁྱམས་ཀྱང་རྙིང་པ་ཆགས་ནས་གས་ཤིང་ཚོན་རྩི་ཡང་གཞུས། ད་དུང་སྤྱི་ཕན་བརྡ་ཁྱབ་མི་ཉུང་བ་ཞིག་གི་དྲིལ་བསྒྲགས་ཀྱི་ནང་དོན་ནི་ཅི་ཡིན་འདི་ཡིན་མེད་པར་ངོས་འཛིན་བྱེད་ཐབས་བྲལ།

རྐང་རྩེད་སྤོ་ལོའི་ཐང་གི་འགྲམ་དུ་གནས་པའི་སྤྱི་པའི་གསང་སྤྱོད་ཧ་ཅང་བཙོག་པོ་ཡོད་ཅིང་། ས་ངོས་གང་སར་གཙང་ཤོག་དབྱུགས་ནས་རྐང་པ་སྤོ་ས་མེད་པའི་གནས་སུ་གྱུར་ཡོད། དེ་ལྟ་བུའི་སྣང་ཚུལ་ངན་པ་བྲག་འཛེག་ར་བའི་སྤྱི་པའི་གསང་སྤྱོད་དུའང་ཐོན་ཡོད། གསར་འགོད་པས་སྤྱི་གླིང་དོ་དམ་ཕྱོགས་ཀྱིས་སྦྱར་བའི་སྤྱི་བསྒྲགས་བརྒྱུད་ཤེས་རྟོགས་བྱས་པར་གཞིགས་ན། དགུན་དུས་ཆུ་སྦུག་འཁྱགས་པའི་དབང་གིས་སྤྱི་པའི་གསང་སྤྱོད་གཉིས་ལ་ཆུ་མཁོ་འདོན་བྱེད་ཐབས་བྲལ་བར་གྱུར་ནས་ད་བར་ཟླ་8སོང་ཡང་ཆུ་མཁོ་འདོན་སླར་གསོ་ཐུབ་མེད་པར་མ་ཟད། གཙང་སྦྲ་བྱེད་མཁན་ཡང་མེད་པ་རེད།

བྲག་འཛེག་ར་བར་སླེབས་སྐབས་ལམ་ངོས་སུ་ལུས་རྩལ་ལ་དགའ་པོ་བྱེད་མཁན་གྱིས་དབྱུགས་པའི་རྨོག་ཞྭ་གང་བྱུང་ཐོར་བ་དང་། ས་ངོས་གློག་སྒྲོན་གྱི་ཀ་བ་གུག་པའམ་ཡང་ན་སྐྱོན་ཤོར་བ། གློག་སྐུད་ཕྱི་རོལ་དུ་མངོན་པ་སོགས་ཀྱི་སྣང་ཚུལ་ཐོན་པ་དང་། གསར་འགོད་པས་ད་དུང་ཅུང་ཆུང་བའི་བྲག་ངོས་ཞིག་གི་མདུན་གྱི་ཕྱི་ཤུན་མང་པོ་ཞིག་ལྷུང་ནས་ས་ངོས་སུ་ཕུང་གསོག་ཐེབས་ཡོད་པ་ཤེས་རྟོགས་བྱུང་ཡོད། གཞན་ཡང་།ལྷ་སའི་སྐྱིད་ཆུ་དང་ཐག་ཉེ་བའི་སྤྲོ་གསེང་རྐང་ལམ་གྱི་འགྲམ་དུ་སྤྱི་གླིང་དེའི་ནང་རླངས་འཁོར་འཇོག་ས་ལྕགས་ཐག་གིས་བཀག་པ་དང་། རླངས་འཁོར་འཇོག་སའི་ལས་རེས་ཁང་དུ་གད་སྙིགས་སྤུངས་པ། མེ་ཟོན་སྒྲིག་ཆས་ཕྱི་རོལ་དུ་གང་བྱུང་དུ་བཞག་པ། ལམ་སྒྲོན་གྱི་ཁེབས་སྐྱོན་ཤོར་བ། གད་སྙིགས་བླུག་སྣོད་གཙང་སེལ་བྱེད་མཁན་མེད་པ། ལམ་ངོས་ཁག་གཅིག་ལ་ཆུ་འཁྱིལ་བ་སོགས་མི་མཛེས་པའི་སྣང་ཚུལ་ངན་པ་མང་པོ་མཐོང་རྒྱུ་ཡོད།

མ་རབས་ཀྱི་བྱ་སྤྱོད་དང་སྣང་ཚུལ་ངན་པ་སྣ་ཚོགས་ཀྱིས་མཛེས་སྡུག་ལྡན་པའི་གཙང་འགྲམ་ལུས་རྩལ་སྤྱི་གླིང་དེ་བཙོག་པས་བསླད་པའི་ཡུལ་ཞིག་ཏུ་གྱུར་ཡོད་པས། དོ་དམ་ཕྱོགས་ཀྱིས་མྱུར་དུ་ལས་དོན་སྤེལ་རྒྱུའི་རེ་བ་ཡོད་ལ། ཡུལ་སྐོར་བས་ཀྱང་ཁོར་ཡུག་ལ་གཅེས་སྐྱོང་དང་ཡ་རབས་རྟག་འགྲོགས་ཀྱིས་ཐུན་མོང་དུ་ལྷ་སའི་སྐྱིད་ཆུའི་འགྲམ་གྱི་མཛེས་ལྗོངས་ལ་སྲུང་སྐྱོང་བྱ་རྒྱུའི་རེ་བ་ཡོད།

(བྱམས་པ་ཚེ་རིང་གིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-08-17 6 6 拉萨日报藏文 c186277.html 1 གཙང་འགྲམ་ལུས་རྩལ་སྤྱི་གླིང་དུ་དོ་དམ་མ་འདང་བས་ཁོར་ཡུག་སྦགས་བཙོག་གིས་བསླད་པ། /enpproperty-->