分享按钮

སྤྱི་ཚོགས་ཡོངས་ཀྱི་འབྱུང་ཁམས་དཔལ་ཡོན་གྱི་འདུ་ཤེས་ཟབ་ཏུ་བཏང་བ།

ལྗོངས་དང་གྲོང་ཁྱེར་གྱི་ཚན་པས་མཉམ་དུ་2024ལོའི་རྒྱལ་ཡོངས་ཀྱི་འབྱུང་ཁམས་ཉིན་མོའི་དྲིལ་བསྒྲགས་བྱེད་སྒོ་སྤེལ་བ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ད་ལོའི་ཟླ་8ཚེས་15ཉིན་ནི་རྒྱལ་ཡོངས་ཀྱི་འབྱུང་ཁམས་ཉིན་མོ་ཐེངས་གཉིས་པ་ཡིན་ཞིང་། སྤྱི་ཚོགས་ཡོངས་ཀྱི་འབྱུང་ཁམས་དཔལ་ཡོན་གྱི་འདུ་ཤེས་ཟབ་ཏུ་གཏོང་བ་དང་། མི་དེ་བས་མང་བ་འབྱུང་ཁམས་ཁོར་ཡུག་སྲུང་སྐྱོང་གི་བྱ་སྤྱོད་དངོས་ནང་ཞུགས་རྒྱུའི་སྐུལ་སློང་བྱ་ཆེད། ལྗོངས་དང་གྲོང་ཁྱེར་གྱི་ཚན་པས་མཉམ་དུ་རྒྱལ་ཡོངས་ཀྱི་འབྱུང་ཁམས་ཉིན་མོའི་དྲིལ་བསྒྲགས་བྱེད་སྒོ་སྤེལ་བ་རེད།

ཉིན་དེའི་སྔ་དྲོར། བོད་ལྗོངས་སློབ་ཆེན་འབྱུང་ཁམས་ཁོར་ཡུག་སློབ་གླིང་གིས་ལྷ་སའི་དཔལ་འབྱོར་གསར་སྤེལ་ཁུལ་དང་མཉམ་དུ་སྒྲོག་འགྲེལ་བྱེད་སྒོ་སྤེལ་བ་རེད། བྱེད་སྒོའི་ནང་། བོད་ལྗོངས་སློབ་ཆེན་འབྱུང་ཁམས་ཁོར་ཡུག་སློབ་གླིང་གི་དགེ་སློབ་ཚོས་གསོན་ཉམས་དོད་པའི་གྱོད་དཔེ་དང་ཕུན་སུམ་ཚོགས་པའི་གྲངས་གཞི་ཟུང་འབྲེལ་བྱས་ཏེ། བོད་རང་སྐྱོང་ལྗོངས་ཀྱི་ཕུན་སུམ་ཚོགས་པའི་སྐྱེ་དངོས་སྣ་མང་རང་བཞིན་གྱི་ཐོན་ཁུངས་འགྲེམས་སྟོན་བྱས་ཤིང་། མིག་སྔའི་སྐྱེ་དངོས་སྣ་མང་རང་བཞིན་ལ་འཕྲད་པའི་དཀའ་ངལ་དང་འགྲན་སློང་ལ་དབྱེ་ཞིབ་གཏིང་ཟབ་བྱས་པར་མ་ཟད། གོ་སླ་བའི་སྒོ་ནས་རྒྱལ་ཡོངས་ཀྱི་འབྱུང་ཁམསཉིན་མོ་འཛུགས་པའི་རྒྱབ་ལྗོངས་དང་། དོན་སྙིང་གལ་ཆེན། དེ་བཞིན《མཚོ་བོད་ས་མཐོའི་འབྱུང་ཁམས་སྲུང་སྐྱོང་བཅའ་ཁྲིམས》ཀྱི་ནང་དོན་བཅས་ལ་འགྲེལ་བཤད་བརྒྱབ་ཡོད། དེས་དཔལ་འབྱོར་ལག་རྩལ་གསར་སྤེལ་ཁུལ་གྱི་ཁེ་ལས་ཀྱི་འཐུས་མི་དང་ལས་བྱེད་ལས་བཟོ་བའི་འབྱུང་ཁམས་དཔལ་ཡོན་གྱི་འདུ་ཤེས་ཟབ་ཏུ་ཕྱིན་ཡོད་ལ། ཁེ་ལས་འབྱུང་ཁམས་དཔལ་ཡོན་གྱི་འཛུགས་སྐྲུན་ནང་ཞུགས་པའི་ཧུར་བརྩོན་རང་བཞིན་ཡང་ཆེ་རུ་ཕྱིན་ཡོད།

ཚང་མས་ད་ཐེངས་ཀྱི་སྒྲོག་འགྲེལ་བྱེད་སྒོ་བརྒྱུད། རྒྱལ་ཡོངས་ཀྱི་འབྱུང་ཁམས་ཉིན་མོ་དང་སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོང་ཐད་ངོས་འཛིན་དང་བསམ་ཤེས་སྔར་བས་གཏིང་ཟབ་བྱུང་བ་དང་། སླད་ཕྱིན་འབྱུང་ཁམས་ཁོར་ཡུག་སྲུང་སྐྱོང་བྱ་སྤྱོད་ནང་ཧུར་ཐག་ཞུགས་ནས་མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་ཀྱི་མཛེས་སྡུག་ལྡན་པའི་ཁྱིམ་གཞིས་བསྐྲུན་ཆེད་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་རྒྱུ་ཡིན་ཞེས་གཅིག་རྗེས་གཉིས་མཐུད་ངང་བཤད།

ལྷ་སའི་དཔལ་འབྱོར་ལག་རྩལ་གསར་སྤེལ་ཁུལ་གྱི་སྤྱི་དབང་ལམ་ལུགས་མིན་པའི་ཁེ་ལས་ཀྱི་འཐུས་མི་ཧྥང་ཕེ་ཕེ་ཡིས། ཁོར་ཡུག་སྲུང་སྐྱོང་ནི་ང་ཚོ་མི་རེ་རེའི་འཚོ་བ་དང་འབྲེལ་བ་དམ་ཟབ་ཡོད། གླིང་ཁུལ་གྱི་ཁེ་ལས་ཤིག་ཡིན་པའི་ངོས་ནས་ང་ཚོས་ལྗང་མདོག་འཕེལ་རྒྱས་ཀྱི་འདུ་ཤེས་ལག་ལེན་ཧུར་ཐག་བསྟར་བ་དང་ཁོར་ཡུག་སྲུང་སྐྱོང་གི་འདུ་ཤེས་ཟབ་ཏུ་གཏོང་དགོས་ལ། ལས་བྱེད་པ་དང་ལས་བཟོ་བའི་རྒྱུན་གཏན་འཚོ་བའི་ཁྲོད་ཀྱི་བྱ་བ་ཆུང་ཙག་ནས་འགོ་བཙུགས་ཏེ་ཁོར་ཡུག་སྲུང་སྐྱོང་བྱ་རྒྱུར་ཁྲིད་སྟོན་བྱེད་དགོས། དཔེར་ན། ཆུ་དང་གློག་གྲོན་ཆུང་དང་། ཐེངས་གཅིག་རང་བཞིན་གྱི་མཁོ་ཆས་སྤྱོད་ཚད་ཉུང་དུ་གཏོང་བ་སོགས་བྱེད་དགོས། མི་ཚང་མས་རང་ཉིད་ཀྱི་སྟོབས་ཤུགས་ལེགས་སྐྱེས་སུ་ཕུལ་ཚེ་ང་ཚོའི་ཁོར་ཡུག་ཇེ་བཟང་དུ་འགྲོ་ངེས་རེད་ཅེས་བཤད།

དེ་དང་ཆབས་ཅིག རྒྱལ་ཡོངས་ཀྱི་འབྱུང་ཁམས་ཉིན་མོའི་བོད་རང་སྐྱོང་ལྗོངས་ཀྱི་བྱེད་སྒོ་གཙོ་བོ་རྫོང་རྒྱབ་ཀླུ་ཁང་དུ་སྤེལ་བ་དང་། བྱེད་སྒོ་དེས“དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་མགྱོགས་སུ་གཏོང་བ་དང་ཁྱོན་ཡོངས་ནས་ལྗང་མདོག་ཕྱོགས་སྒྱུར་བྱེད་པ”གཙོ་དོན་དུ་བྱས་ཤིང་། དེའི་དམིགས་ཡུལ་ནི་འབྱུང་ཁམས་ཤེས་དཔལ་འཛུགས་སྐྱོང་ཐད་ཀྱི་བོད་རང་སྐྱོང་ལྗོངས་ཀྱི་གྲུབ་འབྲས་མངོན་པ་དང་འབྲེལ་སྤྱི་ཚོགས་ཡོངས་ཀྱིས་ལྗང་མདོག་འཕེལ་རྒྱས་ལ་སྔར་བས་དོ་ཁུར་དང་དེའི་ནང་ཞུགས་རྒྱུར་སྐུལ་འདེད་གཏོང་ཆེད་རེད།

བྱེད་སྒོའི་ནང་། བོད་རང་སྐྱོང་ལྗོངས་ཀྱིས་རྒྱལ་ཁབ་ཀྱི་འབྱུང་ཁམས་ཤེས་དཔལ་གྱི་མཐོ་ས་ཧུར་ཐག་གཏོད་པའི་གྲུབ་འབྲས་དང་། བོད་རང་སྐྱོང་ལྗོངས་ཀྱི་ལྗང་མདོག་ཐཱན་ཉུང་གྲུབ་འབྲས། བོད་རང་སྐྱོང་ལྗོངས་ཀྱི་རི་ཆུ་ནགས་ཞིང་མཚེའུ་རྩྭ་བྱེ་མ་བཅས་གཞི་གཅིག་ཅན་བཅོས་སྐྱོང་གི་གྲུབ་འབྲས་སོགས་ཁྱབ་བསྒྲགས་བྱས་པ་དང་། ལྷ་ས་གྲོང་ཁྱེར་དང་ཁྲེང་ཀོན་ཆུས་ཀྱིས་འབྱུང་ཁམས་ཤེས་དཔལ་འཛུགས་སྐྱོང་ཐད་ཉམས་མྱོང་སྤེལ་རེས་ཀྱི་གཏམ་བཤད་བྱས་པ་རེད།

རྒྱ་ཆེའི་གྲོང་མི་ཚོས་རང་འགུལ་ངང་བྱེད་སྒོ་ཁག་ནང་ཞུགས་ནས་མཛེས་སྡུག་ལྡན་པའི་བོད་ལྗོངས་ཀྱི་གྲུབ་འབྲས་ཡོངས་བསྒྲགས་ཚོགས་འདུ་དང་། འབྱུང་ཁམས་ཤེས་དཔལ་འཛུགས་སྐྱོང་གི་ཉམས་མྱོང་སྤེལ་རེས་ཚོགས་འདུ། འབྱུང་ཁམས་ཐོན་རྫས་འོས་སྦྱོར་འགྲེམས་སྟོན་ཁུལ་བཅས་སུ་གཅིག་རྗེས་གཉིས་མཐུད་ངང་བསྐྱོད་དེ། འབྱུང་ཁམས་ཤེས་དཔལ་འཛུགས་སྐྱོང་ཐད་བོད་རང་སྐྱོང་ལྗོངས་ལ་ཐོབ་པའི་གྲུབ་འབྲས་ཤེས་རྟོགས་གཏིང་ཟབ་བྱས་པ་རེད། འབྱུང་ཁམས་ཐོན་རྫས་འོས་སྦྱོར་ཚོགས་འདུའི་ཡུལ་དངོས་སུ་གྲོང་མི་ཚོས་འབྱུང་ཁམས་ཐོན་རྫས་སྣ་ཚོགས་ཉོ་སྒྲུབ་ཧུར་ཐག་བྱས་ནས་ས་གནས་དེ་གའི་ཁོར་ཡུག་སྲུང་སྐྱོང་ཁེ་ལས་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱས་ཡོད།

བོད་ལྗོངས་རུའུ་རུན་ཁོར་ཡུག་སྲུང་སྐྱོང་ཚན་རྩལ་ཚད་ཡོད་ཀུང་སིའི་འགན་འཁུར་བ་ལི་ཅིང་ལེ་ཡིས། ད་ཐེངས་ཀྱི་བྱེད་སྒོར་ཞུགས་ཆེད། ནས་ཀྱི་སོག་མ་མངར་འགྱུར་བྱས་རྗེས་བཟོས་པའི་གསོལ་ཆས་ཆེད་མངགས་འཁྱེར་ཡོད། ཐོན་རྫས་དེ་ལུད་སྤུངས་པའི་གནས་ཚུལ་འོག ཟླ་བ་གསུམ་ནས་དྲུག་བར་རྦད་དེ་བཞུར་ཐུབ་ནས་དབྱང་གཉིས་ཐཱན་འགྱུར་དང་ཆུ་ཐོན་ཐུབ་པས་སྦགས་བཙོག་དཀར་པོ་ཉུང་དུ་ནུས་ལྡན་ཕྱིན་ནས་བོད་ལྗོངས་ཀྱི་ཉམས་ཞན་གྱི་ས་མཐོའི་འབྱུང་ཁམས་ཁོར་ཡུག་སྲུང་སྐྱོང་བྱ་ཆེད་སྟོབས་ཤུགས་ལེགས་སྐྱེས་སུ་ཕུལ་ཡོད་ཅེས་བཤད།

གཞན་ཡང་། ལྷ་ཀླུའི་འདམ་ར་དོ་དམ་ཅུས་ཀྱིས་ད་དུང་ཀྲུང་གོ་ཚན་རིག་ཁང་ས་ཁམས་ཚན་རིག་དང་ཐོན་ཁུངས་ཞིབ་འཇུག་སུའོ་དང་མཉམ་འབྲེལ་གྱིས“ཚེ་སྲོག་གི་སྙིང་པོ་འཚོལ་ཞིབ་དང་འབྱུང་ཁམས་རྒྱུན་འཛིན་བྱེད”ཅེས་པ་གཙོ་དོན་དུ་བྱས་པའི་འབྱུང་ཁམས་ཚན་རིག་ཁྱབ་གདལ་ཞིབ་འཇུག་དང་སློབ་སྦྱོང་གི་ཉིན་གཅིག་ཡུལ་སྐོར་བྱེད་སྒོ་རབ་དང་རིམ་པ་སྤེལ་ནས་ལྷ་ཀླུ་སློབ་ཆུང་གི་སློབ་མ་55ལ་རང་བྱུང་དང་འཆམ་མཐུན། འབྱུང་འགྱུར་བཅས་ཀྱི་ལྗང་མདོག་ཡུལ་སྐོར་གྱི་བྱེད་སྒོ་ཞིག་སྤེལ་ཡོད།

ད་ཐེངས་ཀྱི་བྱེད་སྒོའི་ནང་། སློབ་གསོ་དང་། རོལ་རྩེད། ལག་ལེན་བཅས་ཟུང་འབྲེལ་བྱ་རྒྱུ་ཡིན་པ་དང་། བྱེད་སྒོའི་ནང་། ལས་དོན་པས་གྲོགས་པོ་ཆུང་ཆུང་ཚོར་དངོས་ཟིན་གློག་བརྙན《ལྷ་ཀླུའི་འདམ་རའི་ཚེ་སྲོག་གི་ངོ་མཚར》ཞེས་པ་བསྟན་ནས་གྲོགས་པོ་ཆུང་ཆུང་ཚོར་ལྷ་ཀླུའི་འདམ་རའི་ཚེ་སྲོག་གི་ངོ་མཚར་མྱོང་ཚོར་ཐུབ་པར་བྱས་ཡོད། བྱེད་སྒོའི་ཐོག ད་དུང་ཀྲུང་གོ་ཚན་རིག་ཁང་ས་ཁམས་ཚན་རིག་དང་ཐོན་ཁུངས་ཞིབ་འཇུག་སུའོ་ཡི་ཆེད་ལས་དགེ་རྒན་གདན་དྲངས་ནས་སློབ་མར་རྒྱལ་ཡོངས་ཀྱི་འབྱུང་ཁམས་ཉིན་མོའི་ཚན་རིག་ཤེས་བྱ་ཁྱབ་གདལ་བཏང་བ་དང་། སློབ་མས་དྲི་བ་འདོན་པ་དང་ཐག་ཉེ་ས་ནས་ལྟ་ཞིབ་བྱས་པ་བརྒྱུད། སྐྱེ་དངོས་ཀྱི་སྣ་མང་རང་བཞིན་ཐད་ཤེས་རྟོགས་སྔར་བས་གཏིང་ཟབ་བྱུང་ཡོད།

དངོས་དཔེ་འཚོལ་བསྡུ་བྱེད་པའི་ལྷུ་ཚིགས་སུ་གྲོགས་པོ་ཆུང་ཆུང་ཚོས་རང་ཉིད་དགའ་པོ་བྱེད་པའི་རྩི་ཤིང་གི་ཡན་ལག་དང་རྩ་བ་འཚོལ་བསྡུ་བྱེད་པ་དང་། མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་ཀྱི་མཛེས་སྡུག་ལྡན་པའི་རྣམ་པ་ལོངས་སུ་སྤྱད་ཡོད། དེ་རྗེས་དགེ་རྒན་ཚོའི་མཛུབ་ཁྲིད་འོག གྲོགས་པོ་ཆུང་ཆུང་ཚོས་རང་ཉིད་ཀྱི་བསམ་པའི་མཚར་སྣང་ལྟར་འཚོལ་བསྡུ་བྱས་པའི་རྩི་ཤིང་དེ་དག་ལས་བརྩམས་ཆོས་འདྲ་མིན་སྣ་ཚོགས་སུ་བཟོས་ཡོད།

སློབ་མ་ཧྲི་ཅུན་ཧའོ་ཡིས་གསར་འགོད་པར། དེ་རིང་ཞིབ་འཇུག་དང་སློབ་སྦྱོང་བྱས་པ་བརྒྱུད། ངས་རྩི་ཤིང་འཚོལ་བསྡུ་བྱེད་པའི་སྤྲོ་སྣང་དང་། དེ་བཞིན་ལྷ་ཀླུའི་འདམ་རའི་མཛེས་སྡུག་ཚོར་བྱུང་། རྣ་བར་སྙན་པའི་འདབ་ཆགས་ཀྱི་སྐད་དེ་དག་ཐོས་སྐབས་སེམས་ཁམས་ཀྱང་སྐྱིད་པོ་འདུག སློབ་མ་ཞིག་ཡིན་པའི་ངོས་ནས་ངས་རང་ཉིད་ནས་འགོ་བཙུགས་ཏེ། སྐྱེ་དངོས་སྣ་མང་རང་བཞིན་ལ་སྲུང་སྐྱོང་བྱེད་པའི་འདུ་ཤེས་ཟབ་ཏུ་གཏོང་རྒྱུ་ཡིན་ཞེས་བཤད།

(བྱམས་པ་ཚེ་རིང་གིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-08-17 ལྗོངས་དང་གྲོང་ཁྱེར་གྱི་ཚན་པས་མཉམ་དུ་2024ལོའི་རྒྱལ་ཡོངས་ཀྱི་འབྱུང་ཁམས་ཉིན་མོའི་དྲིལ་བསྒྲགས་བྱེད་སྒོ་སྤེལ་བ། 6 6 拉萨日报藏文 c186271.html 1 སྤྱི་ཚོགས་ཡོངས་ཀྱི་འབྱུང་ཁམས་དཔལ་ཡོན་གྱི་འདུ་ཤེས་ཟབ་ཏུ་བཏང་བ། /enpproperty-->