ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཡ་རབས་དང་འཚོ་སྡོད་ལ་འཚམ་པའི་གྲོང་ཁྱེར་ཞིག་ལ་ཡིད་དུ་འོང་བའི་གཞུང་ལམ་ཡོད་དགོས་པར་མ་ཟད། ད་དུང་གཙང་ཞིང་གྲལ་འགྲིག་པའི་སྡེ་ཁུལ་གྱི་སྲང་ལམ་ཆུང་གྲས་ཀྱང་ཡོད་དགོས། འདི་དག་ནི་གྲོང་ཁྱེར་གྱི་རྣམ་པ་མཚོན་པའི་ས་ཆ་གལ་ཆེན་ཞིག་ཡིན་པའི་ངོས་ནས་འཚོ་བར་བཅངས་བའི་བརྩེ་སེམས་དང་རིག་གནས་ཀྱི་སྣང་ཚུལ་ཡང་མཚོན་ཡོད་པར་མ་ཟད། ད་དུང་གྲོང་ཁྱེར་ཞིག་གི་ཡ་རབས་ཀྱི་ཆུ་ཚད་ཀྱང་མཚོན་གྱི་ཡོད། ཟླ་8ཚེས་13ཉིན་གྱི་སྔ་དྲོར། གྲོང་མིས་དམར་འདོན་བྱས་པའི་ཁོར་ཡུག་བཙོག་ཟིང་ཞན་གསུམ་དང་འགག་པའི་གནད་དོན་ཐད། གསར་འགོད་པ་གྲོང་ཁྱེར་ཤེས་དཔལ་གཞུང་ལས་ཁང་གི་ལས་དོན་པ་དང་མཉམ་དུ་གཡུ་ཐོག་ལམ་དང་། གྲྭ་བཞི་དཀྱིལ་ལམ་གྱི་སྲང་ལམ་ཆུང་ཆུང་ཁག་ཅིག་དང་། གྲོང་མིའི་ཁུལ་ཆུང་ཁག་ཅིག་ཏུ་ཕྱིན་ནས་ཡུལ་དངོས་སུ་བཅར་འདྲི་དང་བརྟག་དཔྱད་བྱས་པ་རེད།
གསར་འགོད་པས་བཅར་འདྲི་བྱེད་རིང་། གཡུ་ཐོག་ལམ་གངས་ཏེ་སེ་ནེ་པ་ལའི་ཟ་ཁང་གི་སྲང་ལམ་དུ་ཁ་ལོ་བ་ཁག་ཅིག་གིས་མེ་ཟོན་བགྲོད་ལམ་དུ་རླངས་འཁོར་གང་འདོད་དུ་བཞག་པས་མེ་ཟོན་རླངས་འཁོར་དང་རྐང་ཐང་མར་འགྲོ་མཁན་ལ་ཤུགས་རྐྱེན་ངན་པ་ཐེབས་ཀྱི་ཡོད་པ་ཤེས་རྟོགས་བྱུང་ཡོད། ལྷ་སའི་པའེ་དབྱི་ཚོང་ཁང་ཆེན་མོའི་ལས་བཟོ་བའི་ཉལ་ཁང་ཁུལ་ཆུང་དུ། གང་འདོད་དུ་སྤྱི་པའི་ས་ཁོངས་ཧམ་བཟུང་བྱས་ནས་སྤྱོད་པ་དང་། སྒོ་རའི་ནང་གད་སྙིགས་སྤུང་གསོག་ཐེབས་པ། བར་ཁྱམས་དང་གྱང་ངོས་ལ་གཏོར་སྐྱོན་ཚབས་ཆེན་ཕོག་པ། བརྡ་ཁྱབ་ཆུང་ངུ་དུས་ཐོག་ཏུ་གཙང་སེལ་བྱས་མེད་པ། བར་ཁྱམས་སུ་གློག་སྒུལ་འཁོར་རིགས་སོགས་དངོས་པོ་གང་འདོད་དུ་བཞག་ཡོད་པ་བཅས་ཀྱིས་མཛེས་ཆོས་ལ་ཤུགས་རྐྱེན་ངན་་པ་ཐེབས་པར་མ་ཟད། ད་དུང་དུག་སྦྲང་སྐྱེ་སླ་བས་གྲོང་མིའི་བདེ་ཐང་ལ་ཡང་ཤུགས་རྐྱེན་ངན་པ་ཐེབས་ཀྱི་ཡོད་པ་རེད། གཞན་ཡང་གྲོང་མི་ཁག་ཅིག་གིས་ད་དུང་སྒེར་གྱིས་གློག་སྐུད་ཁྲིད་ནས་འཁོར་རིགས་ལ་གློག་གསོག་པ་སོགས་བདེ་འཇགས་ཐད་ཀྱི་མངོན་མེད་རྐྱེན་ངན་ཡང་གནས་ཡོད། གཡུ་ཐོག་ལམ་ཅི་ཚའེ་རྒྱལ་སྤྱིའི་གསོལ་མགྲོན་ཁང་རྒྱབ་ཀྱི་སྲང་ལམ་དུ་ཚོང་དུད་ལ་ལས་སྟབས་བདེ་ཡོང་ཆེད་གད་སྙིགས་བླུག་སྣོད་ཀྱི་ཕྱི་རོལ་ཏུ་བླུགས་པས་མཐའ་འཁོར་གྱི་ཁོར་ཡུག་བཙོག་ཟིང་དུ་གྱུར་པ་དང་། ལ་ལས་སྟབས་བདེ་ཡོང་ཆེད་གློག་སྒུལ་འཁོར་རིགས་གང་འདོད་དུ་བཞག་ནས་རྐང་ཐང་མར་འགྲོ་མཁན་གྱི་འགྲོ་སྐྱོད་ལ་ཤུགས་རྐྱེན་ངན་པ་ཐེབས་ཀྱི་ཡོད། ཚོང་དུད་ཁག་ཅིག་གིས་ཤོག་སྙིགས་དང་གློག་ཆས་བེད་མེད་སོགས་ཚོང་ཁང་གི་སྒོ་འགྲམ་དུ་བཞག་ནས་གྲོང་ཁྱེར་གྱི་མཛེས་ཆོས་ལ་ཤུགས་རྐྱེན་ངན་པ་ཐེབས་ཀྱི་ཡོད། གཡུ་ཐོག་ལམ་དུ་གློག་སྒྱུར་སྒམ་ཁག་ཅིག་གིས་རི་ཆུའི་རི་མོ་བཀག་པར་མ་ཟད་རྙིང་རལ་དུ་གྱུར་ན་ཡང་དུས་ཐོག་ཏུ་བརྗེས་མེད་པ་དང་། རྐང་ཐང་མར་འགྲོ་མཁན་གྱི་ངལ་གསོ་ཁུལ་དང་འཕྲུལ་སྒུལ་འཁོར་རིགས་འཇོག་ཁུལ་གཉིས་དབྱེ་བ་ཡག་པོ་ཕྱེ་མེད་པས་རྐང་ཐང་མར་འགྲོ་མཁན་གྱི་ངལ་གསོའི་ཁུལ་གྱི་མདུན་དུ་གློག་སྒུལ་འཁོར་རིགས་བཞག་ཡོད་པས་རྐང་ཐང་མར་འགྲོ་མཁན་ལ་སྟབས་མི་བདེ་བ་བཟོས་ཡོད། གྲྭ་བཞི་དཀྱིལ་ལམ་གྱི་རྟ་རྒྱུག་འགྲན་ཐང་དུ། སྤྱི་པའི་གསང་སྤྱོད་ལ་དུས་ཡུན་རིང་པོར་གཏོར་སྐྱོན་ཕོག་ན་ཡང་དེ་ལ་ལྟ་རྟོག་བྱེད་མཁན་མེད་པར་མ་ཟད། གསང་སྤྱོད་ནང་གི་ཁོར་ཡུག་བཙོག་པ་དང་། དུག་སྦྲང་གང་བྱུང་དུ་འཕུར་བ། དྲི་ངན་གང་སར་འཐུལ་བ་སོགས་ཀྱི་སྣང་ཚུལ་ཡང་གནས་ཡོད་པ་རེད།
སྲང་ལམ་ཆུང་གྲས་དང་གྲོང་མིའི་ཁུལ་ཆུང་གཉིས་ཀྱིས་དུད་ཚང་ཁྲི་སྟོང་མང་པོ་སྦྲེལ་ཡོད་པ་དང་། དེས་གྲོང་ཁྱེར་གྱི་གཟུགས་བརྙན་དང་གྲོང་ཁྱེར་དོ་དམ་གྱི་ཆུ་ཚད་མཚོན་གྱི་ཡོད། འབྲེལ་ཡོད་ཚན་པས་ཚད་མཐོའི་མཐོང་ཆེན་བྱེད་པ་དང་འབྲེལ་དུས་ཐོག་ཏུ་བཅོས་སྒྲིག་བྱ་རྒྱུའི་རེ་བ་ཡོད། རྒྱ་ཆེའི་གྲོང་མི་ནི་གྲོང་ཁྱེར་གྱི་ཤེས་དཔལ་འཛུགས་སྐྱོང་གི་ཕན་པ་ཐོབ་མཁན་ཡིན་ལ་ཤེས་དཔལ་འཛུགས་སྐྱོང་གི་གཙོ་ཤུགས་དམག་ཀྱང་ཡིན་པས་ཚང་མས་ཤེས་དཔལ་འཛུགས་སྐྱོང་ནང་ཧུར་ཐག་ཞུགས་ནས་ཚུལ་མིན་གྱི་བྱ་སྤྱོད་སྣ་ཚོགས་རིང་དུ་དོར་ནས་གྲོང་ཁྱེར་གྱི་ཤེས་དཔལ་མཉམ་སྐྲུན་དང་མཛེས་སྡུག་ལྡན་པའི་འཚོ་བ་མཉམ་སྤྱོད་བྱ་རྒྱུའི་རེ་བ་ཡོད། (པདྨ་རྒྱལ་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社