分享按钮

བོད་ལྗོངས་ཀྱི་འབྱུང་འཕྲོད་ཡུལ་སྐོར་གྱི་དངོས་བྲིས་འགྲན་བསྡུར་སྤེལ་བ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཟླ་8ཚེས་12ཉིན།“རང་བྱུང་ཁམས་དང་ཉེ་བར་བཅར་ནས་རང་བྱུང་ཁམས་ལ་མྱོང་རོལ་བྱེད”ཅེས་པ་གཙོ་དོན་དུ་བྱས་པའི་བོད་ལྗོངས་ཀྱི་འབྱུང་འཕྲོད་ཡུལ་སྐོར་གྱི་དངོས་བྲིས་འགྲན་བསྡུར་དེ་ལྷུན་གྲུབ་རྫོང་ལྕང་ར་ཤར་ཤང་ལན་པ་གྲོང་ཚོར་སྤེལ་བ་རེད།

བྱེད་སྒོ་སྤེལ་ཡུལ་དུ་འགྲན་ཞུགས་ཕྲུ་གུ་ཚོས་མཚར་སྣང་དང་བཅས་དགེ་རྒན་གྱི་གཅིག་གྱུར་མཛུབ་ཁྲིད་འོག་འགྲན་བསྡུར་བྱས་པ་རེད། ཅང་མ་འགོར་བར། ལན་པ་གྲོང་ཚོའི་མཛེས་སྡུག་ལྡན་པའི་ཡུལ་ལྗོངས་ཤོག་བུའི་ཐོག་མངོན་ཞིང་། གྲོགས་པོ་ཆུང་ཆུང་ལ་ལས་རྒྱང་རིང་གི་རི་བོ་འབྲི་བ་དང་། ལ་ལས་ཤིང་སྡོང་འབྲི་བ། ལ་ལས་འདམ་ར་འབྲི་བ་སོགས་བྱེད་བཞིན་ཡོད། འགྲན་ཞུགས་པ་ཚོའི་གྲུབ་འབྲས་ལ་དཔྱད་འདེམས་པའི་བསྔགས་བརྗོད་ཐོབ་ཡོད།

ལྷུན་གྲུབ་རྫོང་རིག་གནས་ཡུལ་སྐོར་ཅུས་ཀྱི་ལས་དོན་པ་བྱམས་པ་བདེ་སྐྱིད་ཀྱིས་དེ་རིང་ང་ཚོས་དགེ་སློབ་རྣམ་པ་གདན་དྲངས་ནས་འདི་གར་དངོས་བྲིས་འགྲན་བསྡུར་སྤེལ་བ་ཡིན་པས། ཚང་མར་ང་ཚོའི་ལྕང་ར་ཤར་ཤང་ལན་པ་གྲོང་ཚོའི་རང་བྱུང་ཡུལ་ལྗོངས་ཚོར་ཐུབ་པར་བྱུང་། གྲོགས་པོ་དེ་བས་མང་བ་ལྕང་ར་ཤར་ཤང་ལན་པ་གྲོང་ཚོར་ཡོང་ནས་དམིགས་བསལ་གྱི་ཡུལ་ལྗོངས་ཚོར་ཐུབ་པར་མ་ཟད། སྐྱིད་ལུང་གཞིས་ཀའི་ལོ་རྒྱུས་འཕོ་འགྱུར་ཡང་ཚོར་ཐུབ་པའི་རེ་བ་ཡོད་ཅེས་བཤད།

འགྲན་བསྡུར་ནང་ཞུགས་མཁན་ཞུས་ཧྲི་ཆིས་ངའི་བསམ་པར་ལུང་པ་འདི་ཧ་ཅང་མཛེས་པོ་འདུག་ལ་རིའི་སྟེང་གི་གངས་ཡང་མཐོང་ཐུབ་ཀྱི་ཡོད་ཅེས་བཤད།

བྱམས་པ་བདེ་སྐྱིད་ཀྱིས་གསར་འགོད་པར། ལྕང་ར་ཤར་ཤང་བོད་ལྗོངས་ཀྱི་འབྱུང་འཕྲོད་ཡུལ་སྐོར་རྣམ་གྲངས་ལ་མ་དངུལ་བསྡོམས་འབོར་སྒོར་ཁྲི་4000ལྷག་ཙམ་བཏང་བ་དང་། རྣམ་གྲངས་འཛུགས་སྐྲུན་གྱི་ནང་དོན་གཙོ་བོ་ནི་སྐྱིད་ལུང་སྒར་ས་ཡིན་པར་མ་ཟད། ད་དུང་ལན་པ་གྲོང་མིའི་སྡོད་ཁང་འཛུགས་སྐྲུན་སོགས་ཀྱང་ཡོད། བྱེད་སྒོ་དེ་འདྲ་ཞིག་སྤེལ་བའི་དམིགས་ཡུལ་གཙོ་བོ་ནི། ས་གནས་དེ་གའི་མང་ཚོགས་ཀྱི་ལས་ཞུགས་ཐག་གཅོད་དང་མང་ཚོགས་ཀྱི་ཡོང་འབབ་མང་དུ་གཏོང་རྒྱུ་དེ་རེད་ཅེས་བཤད།

ཤེས་རྟོགས་བྱུང་བར་གཞིགས་ན། རྣམ་གྲངས་དེའི་འཛུགས་སྐྲུན་གྱི་རྒྱ་ཁྱོན་ལ་མུའུ་687.90ཙམ་ཡོད་པའི་ནང་། ནགས་སར་མུའུ་198དང་། ཁེར་རྐྱང་ཤིང་ཁང་སྟར་པ་མང་པོ། ངར་ལྕགས་ལས་གྲུབ་པའི་འཛུགས་སྐྲུན། འབྱུང་ཁམས་ཟ་ཁང་སོགས་ཚུད་ཡོད།

(བྱམས་པ་ཚེ་རིང་གིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-08-15 6 6 拉萨日报藏文 c186153.html 1 བོད་ལྗོངས་ཀྱི་འབྱུང་འཕྲོད་ཡུལ་སྐོར་གྱི་དངོས་བྲིས་འགྲན་བསྡུར་སྤེལ་བ། /enpproperty-->