ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཟླ་8ཚེས་13ཉིན། སྟོད་ལུང་བདེ་ཆེན་ཆུས་ཨུད་དང་ཆུས་སྲིད་གཞུང་གིས་གཙོ་གཉེར་བྱས་པའི་2024ལོའི་གཡུ་ཐོག་རིག་གནས་ཡུལ་སྐོར་དུས་ཚིགས་ཀྱི་འགོ་ཚུགས་མཛད་སྒོ་དང“མིང་ཐའེ་བུམ་པའི”སྒོར་གཞས་འགྲན་བསྡུར་ཆེན་མོ་དེ་སྟོད་ལུང་བདེ་ཆེན་ཆུས་མི་རིགས་མཐུན་སྒྲིལ་སྤྱི་གླིང་དུ་གཟབ་རྒྱས་ངང་འཚོགས་པ་དང་། སྟོད་ལུང་བདེ་ཆེན་ཆུས་ཀྱི་དུས་ཡུན་ཟླ་བ་གཉིས་རིང་གི་རིག་གནས་ཡུལ་སྐོར་དུས་ཚིགས་ཀྱི་བྱེད་སྒོ་སྤེལ་འགོ་ཚུགས་པ་མཚོན་ཡོད།
ཉིན་དེའི་སྔ་དྲོའི་ཆུ་ཚོད་11ཐོག ཚོན་ཁྲ་ཅན་གྱི་ཤོག་སྦག་བརྒྱབ་པ་དང་བསྟུན་ནས་སྟོད་ལུང་བདེ་ཆེན་ཆུས་ཀྱི་2024ལོའི་གཡུ་ཐོག་རིག་གནས་ཡུལ་སྐོར་དུས་ཚིགས་དངོས་སུ་འགོ་ཚུགས་པ་རེད། དེའི་རྗེས་སུ་གདོང་དཀར་ཁྲོམ་གཞུང་གི་སྒོར་གཞས་རུ་ཁག་དང་། ནམ་མཁའ་སྡེ་ཁུལ་གྱི་རིག་རྩལ་རུ་ཁག དམར་གྲོང་རྡལ་སྒང་སྐྱིད་གྲོང་ཚོའི་སྒོར་གཞས་རུ་ཁག་སོགས་འཐུས་མི་རུ་ཁག་10ཡིས《བསྐལ་བཟང་གཡང་ཆགས》དང་། 《དུས་རབས་གསར་པའི་སྒོར་གཞས་ཏང་ལ་ཕུལ》《ཡངས་ཤིང་རྒྱ་ཆེ་བའི་མཁའ་དབྱིངས》སོགས་ངོ་མཚར་ཆེ་ཞིང་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་སྒོར་གཞས་འཁྲབ་སྟོན་བྱས་པས་མི་རྣམས་ཀྱི་དགའ་བསུ་ཚད་མེད་ཐོབ་པ་རེད། ཆུ་ཚོད་གཉིས་ཙམ་རིང་ལ་འགྲན་རྩོད་དྲག་པོ་བྱས་པ་བརྒྱུད། མཐར་དམར་གྲོང་རྡལ་སྒང་སྐྱིད་གྲོང་ཚོའི་སྒོར་གཞས་རུ་ཁག་ལ་བྱ་དགའ་ཨང་དང་པོ་ཐོབ་པ་དང་། རྒུ་རུམ་གྲོང་རྡལ་སྣ་མཁར་སྒོར་གཞས་རུ་ཁག་ལ་བྱ་དགའ་ཨང་གཉིས་པ་ཐོབ་པ། རོང་མ་ས་བབ་མཐོ་བའི་གནས་སྤོ་བྱ་ཡུལ་གྱི་སྒོར་གཞས་རུ་ཁག་ལ་བྱ་དགའ་ཨང་གསུམ་པ་ཐོབ་པ་རེད།
ལེ་ཚན་ཧྲིལ་པོར་ངོ་མཚར་ཆེ་བ་དང་བྱེད་སྒོའི་རྣམ་པ་ཧ་ཅང་སྤྲོ་སེམས་འཁོལ་བ་ཞིག་རེད། འཁྲབ་སྟོན་གྱིས་དེ་གར་ཡོད་པའི་ལྟད་མོ་བ་ཚོའི་ཡིད་དབང་རབ་ཏུ་འཕྲོག་པ་དང་། ཡུལ་དངོས་སུ་ཐལ་མོའི་རྡེབ་སྒྲ་དང་དགའ་འབོད་ཀྱི་འབོད་སྒྲ་གཅིག་རྗེས་གཉིས་མཐུད་དུ་གྲགས་ནས་འཁྲུག་ཆ་དོད་པོར་གྱུར་ཡོད།
ཡུལ་སྐོར་བ་མཁྱེན་ལྡན་མ་ཐའོ་ལགས་ཀྱིས་དེ་རིང་གི་སྒོར་གཞས་འགྲན་བསྡུར་ཧ་ཅང་ངོ་མཚར་ཆེ་བས་ང་ལ་བོད་ཀྱི་སྒོར་གཞས་ཀྱི་ཡིད་དབང་འཕྲོག་ཤུགས་ཐག་ཉེ་ས་ནས་མྱོང་རོལ་བྱེད་པའི་གོ་སྐབས་བྱུང་སོང་། ངའི་བསམ་པར་བྱེད་སྒོ་འདི་རིགས་གཉེར་བ་ཧ་ཅང་ཡག་པོ་བྱུང་འདུག་པས་མི་རིགས་ཁག་དབར་གྱི་རིག་གནས་མི་འདྲ་བ་སྤེལ་རེས་དང་ཁྱབ་སྤེལ་ལ་སྔར་བས་སྐུལ་འདེད་གཏོང་ཐུབ་ངེས་རེད་ཅེས་བཤད།
ཤེས་རྟོགས་བྱུང་བར་གཞིཊ་ན། སྐབས་འདིའི་གཡུ་ཐོག་རིག་གནས་ཡུལ་སྐོར་དུས་ཚིགས་ཀྱི་བྱེད་སྒོ་སྤེལ་བའི་དམིགས་ཡུལ་ནི་སྟོད་ལུང་བདེ་ཆེན་ཆུས་ཀྱི་ཕུན་སུམ་ཚོགས་པའི་རིག་གནས་ཡུལ་སྐོར་ཐོན་ཁུངས་གཅིག་སྡུད་ཐོག་འོས་སྦྱོར་དང་། རིག་གནས་དང་ཡུལ་སྐོར་ཐོན་ལས་མཉམ་འདྲེས་འཕེལ་རྒྱས་ཀྱི་གྲུབ་འབྲས་ཁྱོན་ཡོངས་ནས་འགྲེམས་སྟོན་བྱ་རྒྱུ་དེ་རེད། དེ་ནས་རིམ་བཞིན་སྒོར་གཞས་འགྲན་བསྡུར་དང་། རྟ་རྒྱུག་འགྲན་བསྡུར། ལྷ་མོ་འཁྲབ་སྟོན། རྐང་རྩེད་སྤོ་ལོའི་འགྲན་བསྡུར་སོགས་རྒྱུན་འཛིན་རང་བཞིན་དང་། རིག་གནས་རང་བཞིན། གསར་གཏོད་རང་བཞིན། ཉམས་ལེན་རང་བཞིན་བཅས་ལྡན་པའི་ཁྱད་ལྡན་བྱེད་སྒོ་རབ་དང་རིམ་པ་གཉེར་རྒྱུ་ཡིན་པ་རེད།
སྟོད་ལུང་བདེ་ཆེན་ཆུས་ཨུད་ཀྱི་རྒྱུན་ལས་ཨུ་ཡོན་དང་དྲིལ་བསྒྲགས་པུའུ་ཡི་པུའུ་ཀྲང་དབྱང་ལིས་སྟོད་ལུང་རིག་གནས་ཡུལ་སྐོར་དུས་ཚིགས་དེ་2020ལོ་ནས་བཟུང་ད་བར་སྐབས་ལྔ་ལ་སྤེལ་ཡོད། རིག་གནས་ཡུལ་སྐོར་གྱི་བྱེད་སྒོ་རབ་དང་རིམ་པ་སྤེལ་བ་བརྒྱུད། གཡུ་ཐོག་རིག་གནས་ཡུལ་སྐོར་དུས་ཚིགས་དེ་རིག་གནས་དང་། ལུས་རྩལ། ཡུལ་སྐོར་བཅས་མཉམ་འདྲེས་ཀྱི་འདུ་ཚོགས་གཟབ་རྒྱས་ཤིག་ཏུ་བསྐྲུན་ནས་དེའི་ཡིད་དབང་འགུག་ཤུགས་ཟམ་མི་ཆད་པར་ཆེ་རུ་བཏང་སྟེ། ཁོངས་གཏོཊ་ཁུལ་གྱི་རིག་གནས་ཡུལ་སྐོར་གྱི་ཐོན་ཁུངས་སྣ་ཚོཊ་སྦྲེལ་མཐུད་བྱ་རྒྱུར་སྐུལ་འདེད་བཏང་ནས་གཡུ་ཐོག་གི་ཕ་ཡུལ་དང་ལྷ་མོའི་ཕ་ཡུལ་གྱི་རིག་གནས་སྤུས་རྟཊ་མི་སེམས་སུ་སྔར་བས་གཏིང་ཟབ་འཇཊ་ཐུབ་པའི་རེ་བ་ཡོད་ཅེས་བཤད། (པདྨ་རྒྱལ་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社