ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། དམངས་ཡོངས་གད་སྙིགས་རིགས་དབྱེའི་ནང་ཞུགས་ནས་མཛེས་སྡུག་ལྡན་པའི་ཁྱིམ་གཞིས་མཉམ་སྐྲུན་བྱེད་པའི་རྣམ་པ་ཟབ་མོའི་ཁྲོད། དུས་འགོའི་ཟླ་བ་གསུམ་གྱི་འཛུགས་སྐྲུན་བྱས་པ་བརྒྱུད་རང་གྲོང་གི་གད་སྙིགས་རིགས་དབྱེའི་གཙོ་དོན་ཐང་ཆེན་ཐོག་མ་དེ་ཟླ་8ཚེས་12ཉིན་སྟག་རྩེ་ཆུས་སྐྱེད་ཚལ་ཁུལ་དུ་དངོས་སུ་སྒོ་བྱང་བཀལ་བ་རེད། ད་ཐེངས་ཀྱི་སྒོ་བྱང་བཀལ་བ་དེ་ཐོག་ནས་རང་གྲོང་གིས་གད་སྙིགས་རིགས་དབྱེའི་ལས་དོན་ལ་སྐུལ་འདེད་གཏོང་བ་དང་གྲོང་མིའི་ཁོར་ཡུག་སྲུང་སྐྱོང་གི་འདུ་ཤེས་ཟབ་ཏུ་གཏོང་བའི་ཐད་སླར་ཡང་འཚོལ་ཞིབ་གསར་པ་བྱས་པ་མཚོན་ཡོད།
སྟག་རྩེ་ཆུས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་མགྱོགས་མྱུར་འཕེལ་རྒྱས་ཕྱིན་པ་དང་གྲོང་མིའི་འཚོ་བའི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་ཕྱིན་པ་དང་བསྟུན་ནས་གད་སྙིགས་ཐོན་ཚད་ལོ་རེ་བཞིན་མང་དུ་ཕྱིན་པ་དང་གད་སྙིགས་རིགས་དབྱེའི་ལས་དོན་ཉིན་བཞིན་ཁ་ཚ་དགོས་གཏུགས་སུ་གྱུར་ཡོད། ཐང་ཆེན་གྱི་དྲིལ་བསྒྲགས་ནུས་པ་བེད་སྤྱོད་ལུགས་མཐུན་བྱས་ནས་མང་ཚོགས་ལ་གད་སྙིགས་རིགས་དབྱེའི་ཤེས་བྱ་ཐད་ཀར་དང་གསོན་ཉམས་དོད་པོས་ཁྱབ་གདལ་དུ་བཏང་སྟེ་གྲོང་མིའི་གད་སྙིགས་རིགས་དབྱེའི་འདུ་ཤེས་དང་དེའི་ནང་ཞུགས་ཚད་ཆེ་རུ་བཏང་བ་རེད། གྲོང་ཁྱེར་རིགས་དབྱེ་གཞུང་དོན་ཁང་གི་མཛུབ་ཁྲིད་འོག་སྟག་རྩེ་ཆུས་སྡོད་ཁང་འཛུགས་སྐྲུན(གྲོང་ཁྱེར་དོ་དམ)ཅུས་ཀྱིས་གད་སྙིགས་རིགས་དབྱེ་དྲིལ་བསྒྲགས་གཙོ་དོན་དུ་བྱས་པའི་གྲོང་མིའི་སྤྲོ་གསེང་ཐང་ཆེན་ཐོག་མ་དེ་བསྐྲུན་རྒྱུའི་གཏན་འབེབས་བྱས་པ་དེའི་དམིགས་ཡུལ་ནི་སློབ་གསོ་དང་སྤྲོ་སྣང་གི་བྱ་ཐབས་བརྒྱུད་གད་སྙིགས་རིགས་དབྱེའི་ཤེས་བྱ་ཁྱབ་གདལ་དུ་བཏང་ནས་མང་ཚོགས་ཀྱི་ཁོར་ཡུག་སྲུང་སྐྱོང་གི་འདུ་ཤེས་དང་དེའི་ནང་ཞུགས་ཚད་ཆེ་རུ་གཏོང་ཆེད་ཡིན་པ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། གད་སྙིགས་རིགས་དབྱེའི་གཙོ་དོན་ཐང་ཆེན་དེའི་རྒྱ་ཁྱོན་ལ་སྨི་ངོས་གྲུ་མ་1100ཡོད་པ་རེད། དེ་ནི་སྤྲོ་གསེང་དང་རོལ་རྩེད། དྲིལ་བསྒྲགས་བཅས་གཞི་གཅིག་ཏུ་འདུས་པའི་གད་སྙིགས་རིགས་དབྱེའི་གཙོ་དོན་ཐང་ཆེན་ཞིག་རེད། ཐང་ཆེན་ནང་གད་སྙིགས་རིགས་དབྱེའི་ཤེས་བྱའི་དྲིལ་བསྒྲགས་ལེ་ཚན་དང་། མཉམ་འགུལ་ཉམས་ལེན་ཁུལ། བེད་མེད་དངོས་རྫས་སྒྱུར་བཀོད་འགྲེམས་སྟོན་ཁུལ་སོགས་ནུས་པའི་ཁུལ་མང་པོ་བཙུགས་ཡོད་པ་རེད། གྲོང་མིས་སྤྲོ་གསེང་རོལ་རྩེད་བྱེད་པ་དང་དུས་མཚུངས་གད་སྙིགས་རིགས་དབྱེའི་ཤེས་བྱར་སློབ་སྦྱོང་བྱེད་པ་དང་མཉམ་འགུལ་ཉམས་ལེན་ནང་ཞུགས་ནས་གད་སྙིགས་རིགས་དབྱེའི་སྤྲོ་སྣང་དང་དོན་སྙིང་ཚོར་ཐུབ། གསར་འགོད་པས་བེད་མེད་དངོས་རྫས་སྒྱུར་བཀོད་འགྲེམས་སྟོན་ཁུལ་དུ་བེད་མེད་དངོས་རྫས་སྤྱད་ནས་བཟོས་པའི་རོལ་རྩེད་སྒྲིག་ཆས་འགྲེམས་སྟོན་བྱས་པ་དེས་གྲོང་མི་ཚོས་བེད་མེད་དངོས་རྫས་བསྐྱར་དུ་བེད་སྤྱོད་གཏོང་བའི་སྤྲོ་སྣང་དང་གསར་གཏོད་ཀྱི་ནུས་པ་ཆེ་རུ་ཕྱིན་པ་མཐོང་བྱུང་།
གྲོང་མི་ཚེ་དབང་ལྷ་མོས་གད་སྙིགས་རིགས་དབྱེའི་གཙོ་དོན་ཐང་ཆེན་བསྐྲུན་པ་དེས་ང་ཚོས་གད་སྙིགས་རིགས་དབྱེའི་ཤེས་བྱར་སློབ་སྦྱོང་ཐུབ་པར་མ་ཟད། རྒྱུན་དུ་བེད་མེད་དུ་བསྐྱུར་བའི་མཁོ་ཆས་དེ་རོལ་རྩེད་སྒྲིག་ཆས་སུ་བསྒྱུར་བ་ཡང་མཐོང་བྱུང་། གད་སྙིགས་རིགས་དབྱེའི་གལ་ཆེའི་རང་བཞིན་ཡང་ངས་ཤེས་རྟོགས་བྱུང་བ་དང་ཁྱིམ་དུ་ལོག་རྗེས་ནང་མིར་དེའི་ཐད་ཀྱི་ཤེས་བྱ་དྲིལ་བསྒྲགས་བྱེད་ཀྱི་ཡིན་ཞེས་བཤད།
སྒོ་བྱང་འགེལ་བའི་མཛད་སྒོ་མཇུག་འགྲིལ་རྗེས་མང་ཚོགས་གཅིག་རྗེས་གཉིས་མཐུད་ངང་ཐང་ཆེན་དུ་ཡོང་ནས་གད་སྙིགས་རིགས་དབྱེའི་འགྲེམས་སྟོན་ཁུལ་དུ་ལྟ་སྐོར་དང་། མཉམ་འགུལ་རོལ་རྩེད་ཉམས་ལེན་བྱེད་པ། དྲིལ་བསྒྲགས་དཔྱད་གཞིའི་ཡིག་རིགས་ལེན་པ་བཅས་བྱས་ནས་སྤྲོ་སྣང་དང་སློབ་སྦྱོང་གི་རྒྱ་མཚོའི་ཁྲོད་དུ་དབྱིངས་ལ་ཚུད་ཡོད། རང་གྲོང་གི་གད་སྙིགས་རིགས་དབྱེའི་གཙོ་དོན་ཐང་ཆེན་ཐོག་མ་དེའི་སྒོ་བྱང་བཀལ་བ་དེས་རང་གྲོང་གི་གད་སྙིགས་རིགས་དབྱེའི་ལས་དོན་ལ་དྲིལ་བསྒྲགས་དང་སློབ་གསོའི་སྟེགས་བུ་གསར་པ་མཁོ་འདོན་བྱས་པར་མ་ཟད། མང་ཚོཊ་ལ་སློབ་སྦྱོང་དང་། སྤེལ་རེས། གད་སྙིགས་རིཊ་དབྱེའི་ནང་ཞུགས་པ་བཅས་ཀྱི་ཁོར་ཡུག་ཡག་པོ་ཞིག་ཀྱང་མཁོ་འདོན་བྱས་ཡོད།
སྟག་རྩེ་ཆུས་སྡོད་ཁང་འཛུགས་སྐྲུན(གྲོང་ཁྱེར་དོ་དམ)ཅུས་ཀྱི་ཅུས་ཀྲང་གཞོན་པ་ཞ་ཡུན་གྱིས་སྟག་རྩེ་ཆུས་ཀྱི་གད་སྙིགས་རིགས་དབྱེའི་གཙོ་དོན་ཐང་ཆེན་གྱི་སྒོ་བྱང་བཀལ་བ་དེ་ནི་གད་སྙིགས་རིགས་དབྱེའི་ལས་དོན་གྱི་གཙོ་གནད་ལས་ཀའི་གྲས་ཤིག་ཡིན།ང་ཚོས་ཐང་ཆེན་བསྐྲུན་དོན་ནི་གཙོ་བོ་དྲིལ་བསྒྲགས་སྒྲིག་ཆས་ཁག་གཅིག་བཀོད་སྒྲིག་བྱས་ནས་མཐའ་འཁོར་མང་ཚོགས་ཀྱིས་གད་སྙིགས་རིགས་དབྱེའི་ཤེས་བྱ་རང་འགུལ་ངང་དང་ལེན་ཐུབ་པ་དང་། གད་སྙིགས་རིགས་དབྱེའི་འདུ་ཤེས་ཟབ་ཏུ་གཏོང་བ། ང་ཚོའི་ཁོར་ཡུག་ལ་སྲུང་སྐྱོང་བྱེད་པ་བཅས་ཀྱི་ཆེད་དུ་ཡིན། སླད་ཕྱིན་ང་ཚོས་ཐང་ཆེན་སྤྱད་དེ་སློབ་གྲྭ་དང་། ཁེ་ལས་དང་བྱ་གཞག་ཚན་པ་དང་མཉམ་དུ་བྱེད་སྒོ་ཁག་གཅིག་སྤེལ་ནས་གད་སྙིགས་རིགས་དབྱེའི་དྲིལ་བསྒྲགས་སྔར་བས་རྒྱ་ཆེར་བཏང་སྟེ། དེའི་ཐད་ཀྱི་ལས་ཀ་ལེགས་པར་བསྒྲུབ་རྒྱུ་ཡིན་ཞེས་བཤད།
(ལྷག་པ་ཚེ་རིང་གིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社