分享按钮

ཁྲེང་ཀོན་ཆུས་དམག་བསྡུ་གཞུང་དོན་ཁང་གིས་2024ལོའི་སྟོན་དུས་ཀྱི་དམག་བསྡུའི་གཟུགས་པོར་བརྟག་དཔྱད་བྱེད་པའི་ཐོག་མའི་ལས་དོན་སྤེལ་བ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཁྲེང་ཀོན་ཆུས་ཀྱི་2024ལོའི་སྟོན་དུས་ཀྱི་དམག་བསྡུའི་ལས་དོན་ཡག་པོ་སྒྲུབ་པ་དང་དཔུང་སྡེར་སྤུས་ལེགས་དམག་མིའི་ཡོང་ཁུངས་མཁོ་འདོན་བྱ་ཆེད། ཟླ་8ཚེས་12ཉིན་ཁྲེང་ཀོན་ཆུས་དམག་བསྡུ་གཞུང་དོན་ཁང་གིས་དམག་ལོ་རན་པའི་གཞོན་ནུ་སྒྲིག་འཛུགས་བྱས་ནས་2024ལོའི་སྟོན་དུས་ཀྱི་དམག་བསྡུའི་གཟུགས་པོར་བརྟག་དཔྱད་བྱེད་པའི་ཐོག་མའི་ཞིབ་བཤེར་ལས་དོན་སྤེལ་བ་རེད།

བོད་ལྗོངས་སློབ་ཆེན་གྱི་ཞོར་གཏོགས་ཧྥུ་ཁང་སྨན་ཁང་བདེ་ཐང་དོ་དམ་ལྟེ་གནས་སུ་དམག་ལོ་རན་པའི་གཞོན་ནུ་ཚོ་སྨན་དོན་པའི་ཁྲིད་སྟོན་འོག་གོ་རིམ་ལྡན་པའི་ངང་གྲལ་བསྒྲིགས་ནས་བརྟག་དཔྱད་བྱ་རྒྱུར་སྒུག་བཞིན་ཡོད་པ་རེད། སྨན་དོན་པས་གཟུགས་པོར་བརྟག་དཔྱད་ཀྱི་ཚད་གཞི་གཞིར་བཟུང་དམག་ལོ་རན་པའི་གཞོན་ནུ་ཚོར་ཁོག་ནད་ཚན་ཁག་དང་། ཕྱི་ནད་ཚན་ཁག མིག་ནད་ཚན་ཁག རྣ་སྣ་མིད་པའི་ཚན་ཁག ཁ་སྦུག་ཚན་ཁག་སོགས་སུ་རྣམ་གྲངས་མང་པོར་བརྟག་དཔྱད་བྱས་ནས་གཟུགས་གཞིའི་བརྟག་དཔྱད་ནང་ཞུགས་མཁན་གྱི་ཞིབ་དཔྱད་གྲངས་གཞི་གནད་ལ་འཁེལ་བའི་འགན་ལེན་བྱས་ཏེ་དཔུང་སྡེར་ཚད་ལྡན་དང་སྤུས་ལེགས་ཀྱི་དམག་མིའི་ཡོང་ཁུངས་མཁོ་འདོན་བྱ་རྒྱུར་འགན་ལེན་བརྟན་པོ་བྱས་པར་མ་ཟད། རྒྱ་ཆེའི་དམག་ལོ་རན་པའི་གཞོན་ནུ་ཚོས་དམག་དཔུང་ནང་ཞུགས་པའི་ཕུགས་འདུན་འགྲུབ་པར་གོམ་པ་གལ་ཆེན་ཞིག་སྤོས་པ་རེད།

དམག་ལོ་རན་པའི་གཞོན་ནུ་བསྟན་འཛིན་ཉི་མས་ང་རང་དམག་མིར་ཞུགས་པའི་དམིགས་ཡུལ་ནི་རང་ཉིད་ཆུང་དུས་ཀྱི་ཕུགས་འདུན་འགྲུབ་ཆེད་ཡིན་ལ་རང་ཉིད་ཀྱི་ནུས་པ་སྦྱོང་བརྡར་བྱ་རྒྱུའི་རེ་བ་བྱེད་ཀྱི་ཡོད། གལ་སྲིད་དམག་དཔུང་ནང་ཞུགས་ཐུབ་ཚེ་རང་ཉིད་ཀྱི་བྱང་ཚད་མཐོ་རུ་ཧུར་ཐག་བཏང་ནས་ཚད་ལྡན་གྱི་དམག་མི་ཞིག་ཏུ་འགྱུར་བར་བྱ་རྒྱུ་ཡིན་ཞེས་བཤད།

2024ལོའི་སྟོན་དུས་ཀྱི་དམག་བསྡུའི་མིང་ཐོ་འགོད་རྒྱུ་དེ་2023ལོའི་ཟླ་12ཚེས་1ཉིན་ནས་བཟུང་2024ལོའི་ཟླ་8ཚེས་10ཉིན་གྱི་ཆུ་ཚོད་18པར་ཡིན་པ་རེད།ཤེས་རྟོགས་བྱུང་བར་གཞིགས་ན།ད་ཐེངས་ཀྱི་སྟོན་དུས་ཀྱི་དམག་བསྡུ་བྱེད་སྐབས་ཁྲེང་ཀོན་ཆུས་སུ་དམག་ལོ་རན་པའི་སྐྱེས་པ་གཞོན་ནུ་200ཙམ་ཡོད་པའི་ནང་སློབ་ཆེན་སློབ་མས་བརྒྱ་ཆ་90བཟུང་བ་དང་། དམག་ལོ་རན་པའི་གཞོན་ནུའི་གྲངས་འབོར་དང་སློབ་གཉེར་བརྒྱུད་རིམ་ཚང་མ་མཐོ་རུ་ཕྱིན་ཡོད་པ་རེད། ད་ཐེངས་ཀྱི་གཟུགས་པོར་བརྟག་དཔྱད་བྱས་ནས་གཟུགས་པོའི་བྱང་ཚད་ལེགས་པ་དང་རིག་གནས་ཀྱི་བྱང་ཚད་ཅུང་མཐོ་བའི་ཕུལ་བྱུང་གཞོན་ནུ་དཔུང་སྡེར་བསྐྱལ་རྒྱུའི་འགན་ལེན་བྱས་ནས་སླད་ཕྱིན་གྱི་དམག་བསྡུའི་ལས་དོན་བདེ་བླག་ངང་སྤེལ་རྒྱུར་རྨང་གཞི་བརྟན་པོ་ཞིག་བཏིང་ཡོད་པ་རེད།

(སྟོབས་རྒྱལ་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-08-15 6 6 拉萨日报藏文 c186146.html 1 ཁྲེང་ཀོན་ཆུས་དམག་བསྡུ་གཞུང་དོན་ཁང་གིས་2024ལོའི་སྟོན་དུས་ཀྱི་དམག་བསྡུའི་གཟུགས་པོར་བརྟག་དཔྱད་བྱེད་པའི་ཐོག་མའི་ལས་དོན་སྤེལ་བ། /enpproperty-->