ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ།ཟླ་8ཚེས་12ཉིན། གསར་འགོད་པར་ཁྲེང་ཀོན་ཆུས་མི་སྤྱི་ཅུས་ནས་ཤེས་རྟོགས་བྱུང་བར་གཞིགས་ན། མིག་སྔར་ཁྲེང་ཀོན་ཆུས་ཀྱི་མཐོ་སློབ་ཐོན་པའི་སློབ་མའི་ལས་ཞུགས་ལས་གཏོད་ཀྱི་ཁ་གསབ་ཡིག་ཐོག་སྙན་ཞུ་འབུལ་འགོ་ཚུགས་པ་དང་ཆ་རྐྱེན་འཛོམས་ནས་ལས་ཞུགས་ཟིན་པའི་སློབ་ཆེན་ཐོན་པའི་སློབ་མ་ཚང་མ་བོད་ཀྱི་སྤྱི་པའི་ལས་ཞུགས་ཞབས་ཞུའི་དྲ་ཐོག་ཚོམས་ཆེན་དུ་ཐོ་འགོད་བྱས་ཏེ་བརྒྱུད་རིམ་གཞིར་བཟུང་ཡིག་ཐོག་ནས་སྙན་ཞུ་འབུལ་ཆོག་གི་ཡོད་པ་རེད།
ཉིན་དེའི་སྔ་དྲོའི་ཆུ་ཚོད་10པ་ཡོལ་ཙམ་ལ་ཁྲེང་ཀོན་ཆུས་མི་སྤྱི་ཅུས་ཀྱི་ལས་སྒྲུབ་ཚོམས་ཆེན་དུ་2021ལོར་ཅང་སུའུ་ནད་གཡོག་ལས་རིགས་སློབ་གླིང་ནས་ཐོན་པའི་འོད་ཟེར་གྱིས་ལས་ཞུགས་གཞུང་དོན་ཁང་གི་ལས་དོན་པ་ཀུན་བཟང་ཆོས་གྲགས་ལ་ལས་ཞུགས་ཁ་གསབ་ཀྱི་འབྲེལ་ཡོད་སྲིད་ཇུས་བློ་འདྲི་བྱེད་བཞིན་ཡོད་པ་རེད། འོད་ཟེར་གྱིས་སློབ་ཆེན་ཐོན་པའི་སློབ་མའི་ལས་ཞུགས་ཁ་གསབ་དེ་ཁེ་ལས་ཀྱི་ངོས་ནས་བརྗོད་ན། ཤེས་ལྡན་མི་སྣ་ལས་ཞུགས་ཐུབ་པ་དེས་ཁེ་ལས་བརྟན་ལྷིང་དང་འཕེལ་རྒྱས་འགྲོ་རྒྱུར་ཕན་ཐོགས་ཡོད་པའི་ངོས་འཛིན་བྱེད་ཀྱི་ཡོད། སློབ་ཆེན་ཐོན་པའི་སློབ་མ་མི་སྒེར་གྱི་ངོས་ནས་བརྗོད་ན། མི་སྒེར་གྱི་འཚོ་བའི་གནོན་ཤུགས་དང་ཁྱིམ་ཚང་གི་ཁུར་པོ་ཡང་དུ་གཏོང་ཐུབ་པ་དང་སྦྲགས། སློབ་མའི་ལས་ཀའི་ཧུར་བརྩོན་རང་བཞིན་དང་རང་འགུལ་རང་བཞིན་ཡང་ཆེ་རུ་གཏོང་ཐུབ་ཀྱི་ཡོད་པ་རེད།
ཀུན་བཟང་ཆོས་གྲགས་ཀྱིས་རང་སྐྱོང་ལྗོངས་ནང་ཁུལ་གྱི་ཁྲོམ་རའི་ལས་ཞུགས་ཀྱི་ཁ་གསབ་ལེན་རྒྱུའི་རེ་ཞུ་བྱེད་པར་ཆ་རྐྱེན་གཙོ་བོ་ནི་ཁེ་ལས་དང་ལོ་3ཡན་གྱི་ངལ་རྩོལ་གན་རྒྱ་བཞག་ཡོད་པ་དང་། ལས་ཀར་ཞུགས་ནས་ལོ་1ཕྱིན་པ། སྤྱི་ཚོགས་འགན་བཅོལ་ནང་ཞུགས་ནས་ཟླ་བ་12ཕྱིན་པ་བཅས་ཡིན་ལ། ཁ་གསབ་རྣམ་གྲངས་ལ་ལས་གནས་སུ་མ་ཞུགས་གོང་གི་གསོ་སྦྱོང་ཁ་གསབ་དང་། འཚོ་བའི་ཁ་གསབ། སྡོད་ཁང་གི་ཁ་གསབ། སྤྱི་ཚོགས་འགན་བཅོལ་གྱི་ཁ་གསབ་བཅས་རིགས་བཞི་ཡོད་ཚུད་ཡོད་པ་རེད་ཅེས་བཤད།
ལྗོངས་ནང་ཁུལ་གྱི་ལས་ཞུགས་ཀྱི་ཁ་གསབ་རེ་ཞུ་བྱེད་པར་ཁེ་ལས་ཀྱིས་ཁྲིམས་མིའི་ཐོབ་ཐང་ལག་ཁྱེར་དང་། ཐོ་ཁུངས་དངུལ་ཁང་།ལས་གཉེར་ལག་ཁྱེར། རེ་འདུན་ཞུ་ཡིག རེ་འདུན་ཞུ་ཡིག་གི་རིའུ་མིག མིང་ཐོ་བཅས་གྲ་སྒྲིག་བྱེད་དགོས་པ་དང་། མི་སྒེར་གྱིས་ཐོབ་ཐང་ལག་ཁྱེར་དང་། སློབ་ཐོན་ལག་ཁྱེར། ངལ་རྩོལ་གྱི་གན་རྒྱ། འགན་བཅོལ་ནང་ཞུགས་པའི་དཔང་ཡིག དངུལ་ཁང་ནས་གླ་ཕོགས་ལེན་པའི་རྩིས་ཐོ་བཅས་གྲ་སྒྲིག་བྱེད་དགོས། སྡོད་ཁང་གི་ཁ་གསབ་ལེན་པར་སྡོད་ཁང་གི་གན་རྒྱ་དང་སྡོད་ཁང་གི་འཛིན་ཤོག་མཁོ་འདོན་བྱེད་དགོས་པ་དང་སྡོད་ཁང་མེད་ན་སྡོད་ཁང་མེད་པའི་དཔང་ཡིག་མཁོ་འདོན་བྱེད་དགོས་པ། དྲ་ཐོག་ནས་སྙན་ཞུ་ཕུལ་རྗེས་ཤོག་ཐོག་གི་སྙན་ཞུ་ཁྲེང་ཀོན་ཆུས་མི་སྤྱི་ཅུས་སུ་སྐྱེལ་དགོས།
ཀུན་བཟང་ཆོས་གྲགས་ཀྱིས་ལྗོངས་ནང་ཁུལ་གྱི་ལས་ཞུགས་ལས་གཏོད་ཀྱི་ཁ་གསབ་རེ་ཞུ་བྱེད་མཁན་་སློབ་ཆེན་ཐོན་པའི་སློབ་མས་བོད་ཀྱི་སྤྱི་པའི་ལས་ཞུགས་ཞབས་ཞུའི་དྲ་ཐོག་ཚོམས་ཆེན(https://www.xzggjyfw.com)ཐོག་ཐོ་འགོད་བྱེད་པ་དང་སྦྲགས་བརྒྱུད་རིམ་ལྟར་འབྲེལ་ཡོད་དཔྱད་གཞིའི་ཡིག་རིགས་བསྐུར་དགོས། ལྗོངས་ཕྱིའི་ལས་ཞུགས་ཁ་གསབ་རེ་ཞུ་བྱེད་མཁན་སློབ་ཆེན་ཐོན་པའི་སློབ་མས་བོད་ཀྱི་ལས་ཞུགས་ལས་གཏོད་ཅེས་པའི་འཕྲིན་ཕྲན་སྤྱི་སྟེགས་ལ་དོ་ཁུར་བྱས་ཏེ་ཐོ་འགོད་བྱེད་པ་དང་སྦྲགས་བརྒྱུད་རིམ་ལྟར་འབྲེལ་ཡོད་དཔྱད་གཞིའི་ཡིག་རིགས་བསྐུར་དགོས་པའི་ངོ་སྤྲོད་བྱས་པ་རེད།
ཁྲེང་ཀོན་ཆུས་ཀྱི་སློབ་ཆེན་ཐོན་པའི་སློབ་མའི་ལས་ཞུགས་ལས་གཏོད་ཀྱི་ཁ་གསབ་རེ་ཞུའི་ཁྱབ་ཁོངས་ནང་རིགས་ཆེན་པོ་བཞི་ཚུད་ཡོད་པ་སྟེ། གཅིག་ནི་ལྗོངས་ནང་ཁུལ་གྱི་ཁེ་ལས་སུ་ལས་ཞུགས་བྱས་པའི་སློབ་ཐོན་སློབ་མས་ལས་ཞུགས་མ་བྱས་གོང་གི་གསོ་སྦྱོང་ཁ་གསབ་དང་།འཚོ་བའི་ཁ་གསབ།སྡོད་ཁང་གི་ཁ་གསབ།སྤྱི་ཚོགས་འགན་བཅོལ་གྱི་ཁ་གསབ་བཅས་རེ་ཞུ་བྱེད་ཆོག གཉིས་ནི་ལྗོངས་ཕྱིའི་ཁེ་ལས་སུ་ལས་ཞུགས་བྱས་པས་སློབ་མས་སློབ་ཐོན་འཚོ་བའི་ཁ་གསབ་དང་། སྡོད་ཁང་གི་ཁ་གསབ། ཁྱིམ་འཛུགས་ཀྱི་ཁ་གསབ། ལམ་གྲོན་ཁ་གསབ། འཁོར་ཞག་གི་ལམ་གྲོན་ཁ་གསབ་བཅས་རེ་ཞུ་བྱེད་ཆོག གསུམ་ནི་རང་བརྟེན་ལས་གཏོད་བྱེད་མཁན་སློབ་ཐོན་སློབ་མས་ལས་གཏོད་བྱེད་འགོ་འཛུགས་རྒྱུའི་མ་དངུལ་དང་། ས་བོགས་མར་ལེན་པའི་ཆུ་དང་གློག་གི་ཁ་གསབ། སྤྱི་ཚོགས་འགན་བཅོལ་གྱི་ཁ་གསབ་བཅས་རེ་ཞུ་བྱེད་ཆོག བཞི་ནི་ལྗོངས་ཕྱིའི་ལས་ཁུངས་དང་བྱ་གཞག་ཚན་པའི་ནང་ལས་ཞུགས་བྱས་པའི་སློབ་ཐོན་སློབ་མས་འཚོ་བའི་ཁ་གསབ་དང་ལམ་གྲོན་གྱི་ཁ་གསབ་རེ་ཞུ་བྱེད་ཆོག མི་ཤུགས་ཐོན་ཁུངས་ཞབས་ཞུའི་སྒྲིག་གཞིས་ལས་ཞུགས་ཁ་གསབ་འོས་སྦྱོར་བྱས་པའི་སློབ་ཐོན་སློབ་མས་ལས་རིགས་ངོ་སྤྲོད་ཀྱི་ཁ་གསབ་རེ་ཞུ་བྱེད་ཆོག 2023ལོ་ནས་བཟུང་ཅུས་དེས་ཐེམ་ཁུངས་བོད་ནས་ཡིན་པའི་མཐོ་སློབ་ཆེན་ཐོན་པའི་སློབ་མར་རིགས་ཁག་གི་ཁ་གསབ་སྣ་ཚོགས་མི་ཐེངས་2584ལ་འབྲེལ་ཡོད་མ་དངུལ་སྒོར་དུང་ཕྱུར་1.18སྤྲད་ཟིན་པ་རེད།
(ཕུར་སྒྲོན་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社