分享按钮

ཆུ་ཤུར་རྫོང་གིས་གྲངས་འཛིན་ཅན་གྱི་ལག་རྩལ་ལ་བརྟེན་ནས་དེང་རབས་ཅན་གྱི་གཞི་རིམ་བཅོས་སྐྱོང་གི་ཐབས་ལམ་གསར་པ་བཏོད་པ།

ཉེ་བའི་ལོ་ཤས་རིང་།ཆུ་ཤུར་རྫོང་གིས་དྲ་མིག་ཅན་གྱི་དོ་དམ་ལམ་སྲོལ་ལ་བརྟེན་པ་དང་།མང་ཚོགས་ཀྱི་དགོས་མཁོ་དང་རེ་སྒུག་ལ་དམིགས་ཏེ“མཉམ་འབྲེལ་དྲ་རྒྱ་+”གཞི་རིམ་བཅོས་སྐྱོང་ནང་འདྲེས་རྒྱུར་འཚོལ་ཞིབ་དང་སྐུལ་འདེད་བཏང་བ་དང་།དམར་འགུལ་ཆུ་ཤུར།ཏང་འཛུགས་སྐྱོང་གིས་གྲོང་གསེབ་བཅོས་སྐྱོང་ལ་སྣེ་ཁྲིད་བྱེད་པའི་ཕྱོགས་བསྡུས་ཆ་འཕྲིན་ལས་སྟེགས་ཧུར་ཐག་བཏོད་པ་དང་གྲངས་འཛིན་ནུས་པ་སྤྲད་དེ་གཞི་རིམ་བཅོས་སྐྱོང་ཞིབ་ཚགས་ཅན་དང་།བློ་གྲོས་ཅན།དེང་རབས་ཅན་བཅས་ཀྱི་ཆུ་ཚད་ཁྱོན་ཡོངས་ནས་མཐོ་རུ་བཏང་ཡོད།

2023ལོའི་ཟླ་6པར།གནམ་ཤང་འཇང་གྲོང་ཚོར་དམར་འགུལ་ཆུ་ཤུར།ཏང་འཛུགས་སྐྱོང་གིས་གྲོང་གསེབ་བཅོས་སྐྱོང་ལ་སྣེ་ཁྲིད་བྱེད་པའི་ཕྱོགས་བསྡུས་ཆ་འཕྲིན་ལས་སྟེགས་ཚོད་ལྟའི་འཛུགས་སྐྲུན་བྱས་ནས་མ་དངུལ་སྒོར་ཁྲི་398.9བཏང་བ་དང་།ལོ་དེའི་ཟླ་9པར་རྣམ་གྲངས་འཛུགས་སྐྲུན་ལེགས་གྲུབ་བྱུང་བ་དང་འབྲེལ་ཚོད་ལྟའི་འཁོར་སྐྱོད་ཀྱང་བྱས་ཡོད།2024ལོར།འཇང་གྲོང་ཚོའི་ཚོད་ལྟའི་ལས་དོན་ཕྱོགས་བསྡོམས་བྱས་པའི་རྨང་གཞིའི་ཐོག་ཆུ་ཤུར་རྫོང་སྲིད་གཞུང་གིས་མ་དངུལ་སྒོར་ཁྲི་399.97བཏང་ནས“དམར་འགུལ་ཆུ་ཤུར”གྱི་དུས་ཐེངས་གཉིས་པའི་རྣམ་གྲངས་ལག་བསྟར་བྱས་ཏེ་ཤང(གྲོང་རྡལ)ཁག་དང་།རྫོང་ཐད་གཏོགས་ཚན་པ་ཁག གྲོང་ཚོ་ཁག་སོགས་ས་ཚིགས་25རུ“དམར་འགུལ་ཆུ་ཤུར”ཞེས་པའི་གྲངས་གཞིའི་སྟེགས་བུ་ཁྱབ་གདལ་དུ་བཏང་བས།མིག་སྔར“དམར་འགུལ་ཆུ་ཤུར”གྱི་གྲངས་གཞིའི་སྟེགས་བུ་ཆུ་ཤུར་རྫོང་ཡོངས་ལ་ཁྱབ་ཡོད་པ་རེད།

སྟེགས་བུ་དེའི་ནང་རིག་ལྡན་ཏང་དོན་དང་།དྲ་མིག་དོ་དམ།ཐག་གཅོད་བཀོད་གཏོང་།ཐབས་ཇུས་དབྱེ་ཞིབ།དང་བླངས་ཞབས་ཞུ།འཕྲལ་སྡོམ་བཀོད་འདོམས་སོགས་དཔེ་དུམ་མང་པོ་གཞི་གཅིག་ཏུ་འདུས་པ་དང་།དུས་མཚུངས་ལེ་ལག་ཚང་བའི་དྲ་ཐོག་དྲ་མིག་པའི་མཐུད་སྣེ་གྲོང་གསེབ་ཀྱི་eཤར་གཏོང་APPདང་འགོ་ཁྲིད་ཀྱི་སྒྲུབ་སྐུལ་APPདང་དེ་བཞིན་མང་ཚོགས་ཀྱི་མཐུད་སྣེ“ཆུ་ཤུར་ཤར་གཏོང”དང་ཏང་ཡོན་གྱི་མཐུད་སྣེ“ཆུ་ཤུར་གྱི་གདོང་ལེན་པ”ཞེས་པའི་སྐད་འཕྲིན་གྱི་གོ་རིམ་ཆུང་གྲས་ཀྱི་ཐོག་ནས་མི་འབོར་དང་ཁང་པ་སོགས“ཚད་གཞི་གཅིག་དང་ཤེས་རྟོགས་གསུམ”གྱི་གྲངས་གཞི་དུས་ཐོག་ཏུ་ཕབ་འཇུག་ཐུབ་པ་བྱུང་ཡོད།མང་ཚོགས་ཀྱིས“ཆུ་ཤུར་ཤར་གཏོང”ཞེས་པའི་གོ་རིམ་ཆུང་ངུ་བརྒྱུད་ཞབས་ཞུའི་དགོས་མཁོ་དུས་ཐོག་ཏུ་གོང་འབུལ་ཐུབ་པ་དང་མང་ཚོགས་ཀྱིས་དྲ་ཐོག་ནས་མངགས་ཐོ་འབུལ་བ་དང་།ཏང་ཡོན་གྱིས་དྲ་ཐོག་ནས་མངགས་ཐོ་ལེན་པའི་ཞབས་ཞུ་བསྒྲུབ་རྒྱུ་མངོན་འགྱུར་ཡོང་བར་བྱས་ཏེ།རིག་སྟོབས་བཅོས་སྐྱོང་ལ་བརྟེན་ནས་གཞི་རིམ་གྱི་ཞབས་ཞུར་དྲོད་ཚད་ལྡན་ལ་མྱུར་ཚད་ཀྱང་ལྡན་པར་བྱས་ཡོད།

ཆུ་ཤུར་རྫོང་གནམ་ཤང་འཇང་ཚོའི་གྲོང་མི་པ་སངས་ཀྱིས་ངས་བལྟས་ན་སྟེགས་བུ་འདི་ཧ་ཅང་ཡག་པོ་འདུག རྒྱུན་དུ་མཐའ་འཁོར་གྱི་ཁོར་ཡུག་གི་གནད་དོན་དང་འཚོ་བའི་ཁྲོད་ཀྱི་གནད་དོན་གང་ཞིག་ཡོད་ཀྱང་སྟེགས་བུ་དེ་བརྒྱུད་ནས་སྙན་སེང་ཞུ་ཆོག་པ་དང་།པར་རྒྱག་པའམ་ཡང་ན་སྐད་འཕྲིན་གཏོང་ཆོག་གི་ཡོད།འཇང་ཚོའི་ཨུ་ལྷན་གཉིས་ཀྱི་ཚན་པའི་ཁོངས་མི་དང་ལས་དོན་པ་གཞན་དག་གིས་དུས་ཐོག་ཏུ་འབྲེལ་གཏུགས་བྱས་ནས་ཐག་གཅོད་བྱེད་ཀྱི་ཡོད་པས་སྟབས་ཧ་ཅང་བདེ་པོ་འདུག་ཅེས་བཤད།

གྲོང་མིས་རེ་ཞུ་བྱས་པའི་བྱ་བ་ཚང་མར་ལན་ཡོད་པ་དང་བྱ་བ་ཚང་མ་ཐག་གཅོད་ཐུབ་པའི་འགན་ལེན་བྱ་ཆེད།ཆུ་ཤུར་རྫོང་གིས་ད་དུང་དྲ་ཐོག་དང་དྲ་ཕྱི་ནས་དུས་མཚམས་ཡོངས་ཀྱི་གཞི་རིམ་ཞབས་ཞུའི་འཁོར་རྒྱུག་ཆུང་ངུ་ཧུར་ཐག་བཏོད་ནས་མཐོ་སློབ་ཐོན་པའི་སློབ་མའི་ཁྲོད་ནས་ཆེད་གཉེར་དྲ་མིག་པ་25བསྡུས་ཏེ་གྲོང་ཚོ་ཁག་གི་བཅོས་སྐྱོང་ལས་དོན་སྤེལ་བར་རམ་འདེགས་བྱས་པ་དང་།བཅོས་སྐྱོང་གི་ལས་དོན་དེ་གྲོང་ཚོ་དང་།ཚོགས་ཆུང་།དུད་ཚང་བཅས་སུ་སྣུར་སྲིང་བྱས་ཡོད་པ་རེད།གྲོང་ཚོ་ཁག་གི་ཆེད་བསྐོས་དྲ་མིག་པས་དཔའ་ངར་ཞུམ་མེད་ཀྱི་ལས་ཀའི་རྣམ་པ་སྤྱད་དེ།“དམར་འགུལ་ཆུ་ཤུར”གྱི་གྲངས་འཛིན་ལས་སྟེགས་བརྒྱུད་ནས་དུས་ཐོག་ཏུ་ཆ་འཕྲིན་གོང་འབུལ་གྱི་ལེགས་ཆ་འདོན་སྤེལ་བྱས་ཏེ་དྲ་མིག་ནང་སྐོར་ཞིབ་བྱས་ནས་གནད་དོན་151ཤེས་རྟོགས་བྱུང་བ་དང་འབྲེལ“དམར་འགུལ་ཆུ་ཤུར”གྲངས་འཛིན་ལས་སྟེགས་ཐོག་པར་རིས་དང་ཡི་གེའི་རྣམ་པའི་ཐོག་ནས་དུས་ཐོག་ཏུ་ཆ་འཕྲིན་གོང་འབུལ་ཞུས་པ་དང་།གོང་རིམ་ཚན་པས་མཐུན་སྦྱོར་ངང་ཐག་གཅོད་བྱས་པ་རེད།དྲ་མིག་པས་གོང་འབུལ་ཞུས་པའི་མངོན་མེད་རྐྱེན་ངན་ཤེས་རྟོགས་བྱུང་བ་ནས་གྲོང་ཚོ་དང་ཤང་།རྫོང་བཅས་ཀྱིས་ཞིབ་འཇུག་བརྡར་ཤ་གཅོད་པ་དང་།དེ་ནས་འགན་འཁྲིའི་སྡེ་ཚན་གྱིས་ཡུལ་དངོས་སུ་མངོན་མེད་རྐྱེན་ངན་སེལ་བའི་བར་སྤྱིའི་དུས་ཡུན་ཉིན་4བར་ཐུང་དུ་ཕྱིན་ནས་ལས་སྒྲུབ་ཀྱི་དུས་ཚོད་ཆེས་ཆེར་ཐུང་དུ་ཕྱིན་པ་དང་ཞབས་ཞུའི་དོ་དམ་གྱི་སྤུས་ཚད་དང་ཕན་འབྲས་ཆེ་རུ་ཕྱིན་ཡོད།

མིག་སྔར།གྲངས་འཛིན་ལས་སྟེགས་ནང་འཇུག་མི་འབོར་གྱི་གྲངས་གཞི་34400དང་།ཁང་པའི་ཆ་འཕྲིན་སྟར་པ་9612ཟིན་པ།ལས་སྟེགས་བརྒྱུད་ཁོངས་གཏོགས་ཁུལ་གྱི་འགལ་བ་དང་རྩོད་གཞི་དང་།གྲོང་ཁྱེར་དོ་དམ།སྡེ་ཁུལ་གྱི་བདེ་འཇགས་སོགས་མང་ཚོགས་ཀྱི་ཁ་ཚ་དགོས་གཏུཊ་ཀྱི་གནད་དོན་141སྙན་སེང་ཞུས་ནས་རྫོང་དང་།ཤང་།གྲོང་ཚོ་བཅས་རིམ་པ་གསུམ་གྱིས་ཤེས་རྟོགས་དང་།སྙན་སེང་ཞུས་ནས་ཞིབ་འཇུག་བརྡར་ཤ་གཅོད་པ།ཐག་གཅོད་བཅས་ཀྱི་གདུབ་ཟུམ་དོ་དམ་གནད་དོན་གྱི་ལས་ཀའི་ལམ་སྲོལ་རིམ་བཞིན་ཆགས་པ་རེད།སླད་ཕྱིན།ཆུ་ཤུར་རྫོང་གིས་ལས་སྟེགས་ཀྱི་ནུས་པ་སྔར་བས་འཐུས་ཚང་དུ་བཏང་ནས་འགལ་བ་སེལ་བའི་ཁྲོད་བསམ་ཕྱོགས་གསར་པ་དང་རྣམ་པ་གསར་པ་འཚོལ་བ་དང་།གནད་དོན་ཐག་གཅོད་བྱེད་པའི་ཁྲོད་བྱ་ཐབས་གསར་པ་དང་ཉམས་མྱོང་གསར་པ་གསོག་པ།གྲངས་གཞི་ཅན་གྱི་ལག་རྩལ་ལ་བརྟེན་ནས་དེང་རབས་ཅན་གྱི་གཞི་རིམ་བཅོས་སྐྱོང་གི་ཐབས་ལམ་གསར་པ་གསར་འབྱེད་བཅས་བྱས་ཏེ་ལྷ་སའི་གཞི་རིམ་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་འགྱུར་ཆེད་ཆུ་ཤུར་གྱི་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་རྒྱུ་ཡིན་ཞེས་ཆུ་ཤུར་རྫོང་གཞི་རིམ་བཅོས་སྐྱོང་གི་ཕན་ནུས་ཆེ་རུ་གཏོང་བའི་ཆེད་དོན་ཚོགས་ཆུང་གི་འགན་འཁུར་བ་ཝང་སུང་ཕིང་གིས་བཤད།

(བུ་ཆུང་གིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-08-14 6 6 拉萨日报藏文 c186089.html 1 ཆུ་ཤུར་རྫོང་གིས་གྲངས་འཛིན་ཅན་གྱི་ལག་རྩལ་ལ་བརྟེན་ནས་དེང་རབས་ཅན་གྱི་གཞི་རིམ་བཅོས་སྐྱོང་གི་ཐབས་ལམ་གསར་པ་བཏོད་པ། /enpproperty-->