分享按钮

ཅང་སུའུ་ཡི་སློབ་ཆེན་སློབ་མ་100ལྷག་ཙམ་གྱིས་ལྷ་སར་སྤྱི་ཚོཊ་ལག་ལེན་བྱེད་སྒོ་སྤེལ་རྒྱུ་ཡིན་པ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཟླ་8ཚེས་12ཉིན། 2024ལོའི་མི་རིགས་མཐུན་སྒྲིལ་དང་ལང་ཚོའི་སྟོབས་ཤུགས་གཅིག་དུ་བསྡུས་ཞེས་པའི་ཅང་སུའུ་ཡི་སློབ་ཆེན་སློབ་མས་དབྱར་ཁའི་གུང་གསེང་རིང་ལྷ་སར་བསྐྱོད་དེ་མི་རིགས་མཐུན་སྒྲིལ་གྱི་སྤྱི་ཚོགས་ལག་ལེན་ཀྱི་ཆེད་དོན་བྱེད་སྒོ་གྲོང་ཁྱེར་གཞོན་ནུ་ལོ་ཆུང་བྱེད་སྒོའི་ལྟེ་གནས་སུ་སྤེལ་འགོ་ཚུགས་པ་རེད། གུང་གཞོན་སྡེ་ཚོགས་བོད་རང་སྐྱོང་ལྗོངས་ཨུ་ལྷན་དང་། ཅང་སུའུ་ཡི་བོད་སྐྱོར་མདུན་ཕྱོགས་བཀོད་འདོམས་པུའུ། གུང་གཞོན་སྡེ་ཚོགས་ལྷ་ས་གྲོང་ཨུད་བཅས་ཀྱི་འབྲེལ་ཡོད་འགན་འཁུར་བ་དང་དེ་བཞིན་ཅང་སུའུ་སོགས་ས་ཁུལ་གྱི་མཐོ་སློབ་ཀྱི་སྤྱི་ཚོགས་ལག་ལེན་ཚོགས་པ10ལྷག་ཙམ་གྱི་དགེ་སློབ་112བྱེད་སྒོར་ཞུགས་པ་རེད།

འགོ་ཚུགས་མཛད་སྒོའི་ཐོག་གུང་གཞོན་སྡེ་ཚོགས་ལྷ་ས་གྲོང་ཨུད་དང་ཅང་སུའུ་ཡི་སློབ་ཆེན་གྱི་སྤྱི་ཚོགས་ལག་ལེན་ཚོགས་པའི་དབར་དབྱར་ཁའི་གུང་གསེང་གི་སྤྱི་ཚོགས་ལག་ལེན་མཉམ་ལས་ལ་གྲོས་མཐུན་བཞག་པ་དང་། ཚོགས་ཞུགས་འགོ་ཁྲིད་ཀྱིས་ཚོགས་པར་དར་ཆ་སྤྲད་པ། གཞོན་ནུ་སློབ་ཆེན་སློབ་མར་དང་བླངས་ཞབས་ཞུའི་ཡོ་བྱད་ཕུལ་བ་བཅས་བྱས་པ་རེད། མཛད་སྒོ་མཇུག་འགྲིལ་རྗེས་གུང་གཞོན་སྡེ་ཚོགས་གྲོང་ཨུད་ཀྱིས་སྤྱི་ཚོགས་ལག་ལེན་ཚོགས་པ་སྒྲིག་འཛུགས་བྱས་ཏེ་བོད་ལྗོངས་ཀྱི་ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་ཚོགས་པའི་འདུ་ཤེས་གཏིང་ཟབ་ཏུ་གཏོང་བའི་གཞོན་ནུ་ལོ་ཆུང་གི་གཙོ་དོན་འགྲེམས་སྟོན་ཁང་ལ་ལྟ་སྐོར་དང་། ལྷུན་གྲུབ་ཞིང་རའི་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་རྟེན་གཞིར་བསྐྱོད་དེ་ཡུལ་དངོས་སུ་ལྟ་སྦྱོང་། ཅང་སུའུ་ཡི་བོད་སྐྱོར་རྣམ་གྲངས་ཁག་གཅིག་ལ་ལྟ་སྐོར་བཅས་བྱས་ནས་སློབ་གྲོགས་ཚོར་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ཀྱི་སྣེ་ཁྲིད་འོག་ལྷ་སའི་འཕེལ་རྒྱས་དང་འགྱུར་ལྡོག་གསར་པར་མྱོང་ཚོར་ཟབ་མོ་བྱུང་བ་དང་། ཅང་སུའུ་ཡིས་ལྷ་སར་ཁ་གཏད་རོགས་སྐྱོར་བྱས་པར་གྲུབ་འབྲས་ཆེན་པོ་ཐོབ་པར་མྱོང་ཚོར་བྱུང་བ། དུས་རབས་གསར་པར་ཅང་སུའུ་དང་ལྷ་སའི་མི་དམངས་དབར་གྱི་བརྩེ་སེམས་ཟབ་མོར་ཤེས་རྟོགས་གཏིང་ཟབ་བྱུང་བ་བཅས་ཀྱིས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྔར་བས་བརྟན་དུ་སོང་ཡོད་པ་རེད།

2024ལོ་ནི་ཅང་སུའུ་ཡིས་ཁ་གཏད་བོད་སྐྱོར་བྱས་ནས་ལོ་30འཁོར་བ་དང་། ལོ་འཁོར་གྱི་ཅང་སུའུ་ཡི་བོད་སྐྱོར་རྣམ་གྲངས་ཏེ་སུའུ་ལྷའི་གཞོན་ནུ་ལོ་ཆུང་དབར་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ཀྱི་རྣམ་གྲངས་ཀྱི་ཡན་ལག་བྱེད་སྒོའི་གྲས་ཤིག་ཡིན་པའི་ངོས་ནས་ད་ཐེངས་ཀྱི་ཅང་སུའུ་ཡི་སློབ་ཆེན་སློབ་མས་དབྱར་ཁའི་གུང་གསེང་རིང་ལྷ་སར་བསྐྱོད་དེ་མི་རིགས་མཐུན་སྒྲིལ་གྱི་སྤྱི་ཚོགས་ལག་ལེན་ཀྱི་ཆེད་དོན་བྱེད་སྒོ་དེ་གུང་གཞོན་སྡེ་ཚོགས་ཅང་སུའུ་ཞིང་ཆེན་ཨུད་དང་ཅང་སུའུ་བོད་སྐྱོར་མདུན་ཕྱོགས་བཀོད་འདོམས་པུའུ་ཡིས་མཛུབ་ཁྲིད་བྱས་ནས་སྤེལ་བ་དང་། བྱེད་སྒོ་དེ་2024ལོ་འཁོར་གྱི་བོད་རང་སྐྱོང་ལྗོངས་ཀྱི་སློབ་ཆེན་སློབ་མའི་སྡེ་ཁུལ་གྱི་ལག་ལེན་འཆར་གཞི་སྒྲིག་འཛུགས་བྱས་ནས་ལག་བསྟར་བྱེད་པ་དང་ཆབས་ཅིག་ཏུ་ཟུང་འབྲེལ་བྱས་པ་རེད། ས་གནས་གཉིས་ཀྱི་གུང་གཞོན་སྡེ་ཚོགས་ཀྱིས་མཉམ་འབྲེལ་ཐོག་བརྡ་ཐོ་ཁྱབ་བསྒྲགས་བྱས་པ་དང་། རེ་ཞུ་སྒྲིག་འཛུགས་བྱེད་པ། དཔྱད་འདེམས་བྱེད་པ། རྣམ་གྲངས་འཛུགས་པ་སོགས་ཀྱི་གོ་རིམ་བརྒྱུད་ནན་ཅིང་སློབ་ཆེན་དང་ནན་ཅིང་མཁའ་འགྲུལ་དང་འཇིག་རྟེན་མཁའ་སྐྱོད་སློབ་ཆེན་སོགས་སློབ་ཆེན་15ཡི་སྤྱི་ཚོགས་ལག་ལེན་ཚོགས་པའི་སློབ་ཆེན་སློབ་མ་100ལྷག་ཙམ་སྒྲིག་འཛུགས་བྱས་ཏེ་ལྷ་སའི་གཞི་རིམ་གྱི་སྡེ་ཁུལ་དུ་བསྐྱོད་དེ་དབྱར་ཁའི་གུང་གསེང་གི་སྤྱི་ཚོགས་ལག་ལེན་བྱེད་སྒོ་སྤེལ་རྒྱུ་རེད། དེ་རྗེས་ཀྱི་ཟླ་ཕྱེད་རིང་ཅང་སུའུ་ཡི་མཐོ་སློབ་སྤྱི་ཚོགས་ལག་ལེན་ཚོགས་པ་ལྷ་སའི་རྫོང(ཆུས)8དང་། སྡེ་ཁུལ་16 སློབ་གྲྭ་4བཅས་སུ་བསྐྱོད་དེ་མི་རིགས་མཐུན་སྒྲིལ་དང་། གྲོང་གསེབ་དར་རྒྱས། རིག་གནས་དྲིལ་བསྒྲགས། འབྱུང་ཁམས་ཁོར་ཡུག་སྲུང་སྐྱོང་། སྤྱི་ཕན་སློབ་རོགས། སྨན་བཅོས་འཕྲོད་བསྟེན་སོགས་ཁྱབ་ཁོངས་ལ་དམིགས་ནས་སྤྱི་ཚོགས་ལག་ལེན་བྱེད་སྒོ་སྤེལ་རྒྱུ་དང་། ལག་ལེན་ཁྲོད་རྒྱལ་ཁབ་ཀྱི་གནས་ཚུལ་ལ་ཤེས་རྟོགས་དང་། སྤྱི་ཚོགས་ལ་ཤེས་ཚོར། དམངས་ལ་ཞབས་འདེགས་ཞུ་བ་བཅས་བྱས་ནས་དུས་རབས་གསར་པའི་གཞོན་ནུ་སློབ་མའི་འགན་འཁྲི་གང་ལེགས་མངོན་པར་བྱ་རྒྱུ་རྒྱུ་རེད།

ད་རེས་ལྷ་སར་ཡོང་ནས་ང་ཚོ་སྟོད་ལུང་བདེ་ཆེན་ཆུས་དམར་གྲོང་རྡལ་སྲིད་གཞུང་དུ་སེམས་མཐུན་མཚོ་ཁུག་གི་ཁྱད་ལྡན་བྱེད་སྒོ་སྤེལ་རྒྱུ་དང་ལྷ་སའི་ཅང་སུའུ་ཚོད་ལྟའི་སློབ་འབྲིང་དུ་མཉམ་སྐྲུན་བྱེད་སྒོ་སྤེལ་ནས་སློབ་མར་བོད་སྐྱོར་གྱི་སྙིང་སྟོབས་སྒྲོག་འགྲེལ་བྱ་རྒྱུ་དང་། ད་དུང་ཆུ་ཤུར་རྫོང་དང‘ཝུའེ་མང’སྤྱི་ཚོགས་ཞབས་ཞུའི་སྒྲིག་གཞིར་བསྐྱོད་ནས་མི་5000གི་སེམས་ཁམས་ལ་བརྟག་ཞིབ་ཀྱང་བྱ་རྒྱུ་ཡིན། ང་ཚོས་བོད་སྐྱོར་ལས་བྱེད་པའི་བྱས་རྗེས་དང་ཉམས་འགྱུར་ལ་སྔར་བས་ཤེས་རྟོགས་དང་མྱོང་ཚོར་བྱས་ཏེ་ཅང་སུའུ་དང་བོད་ལྗོངས་ས་གནས་གཉིས་ཀྱི་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ལ་སྔར་བས་རོགས་རམ་བྱ་རྒྱུ་ཡིན་ཞེས་ལང་ཚོའི་སེ་འབྲུ་དམར་པོའི་ལག་ལེན་ཚོགས་པའི་འགན་འཁུར་བ་རུང་ཧའོ་ཡིས་བཤད་པ་རེད།

ཅང་སུའུ་བོད་སྐྱོར་མདུན་ཕྱོགས་བཀོད་འདོམས་པུའུ་ཕྱོགས་བསྡུས་ཚོགས་ཆུང་གི་ཙུའུ་ཀྲང་དབྱང་ཡུན་གྱིས་ད་ཐེངས་ཀྱི་བྱེད་སྒོ་ནི་ཅང་སུའུ་བོད་སྐྱོར་མདུན་ཕྱོགས་བཀོད་འདོམས་པུའུ་ཡིས་མི་རིགས་ཁག་དབར་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ཀྱི་ལས་དོན་གཞི་རིམ་དུ་སྣུར་སྲིང་བྱེད་པའི་བྱ་ཐབས་ནུས་ལྡན་ཞིག་རེད། རྒྱ་ཆེའི་གཞོན་ནུ་སློབ་མ་རྣམས་ཀྱིས་སྤྱི་ཚོགས་ལག་ལེན་དེ་ལས་སྟེགས་སུ་བྱས་ཏེ་མེས་རྒྱལ་མཐའ་མཚམས་ས་ཁུལ་གྱི་མཛེས་སྡུག་ལྡན་པའི་ས་གཞིར་བསྐྱོད་དེ་ལྷ་སའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འོད་སྟོང་འཕྲོ་བའི་གྲུབ་འབྲས་ལ་བལྟ་བ་དང་། མི་རིགས་ཁག་གི་མི་དམངས་ཀྱིས་གངས་ལྗོངས་ས་མཐོར་མཐུན་སྒྲིལ་འབད་འཐབ་བྱེད་པའི་དུས་རབས་ཀྱི་སྙིང་སྟོབས་ལ་མྱོང་ཚོར་བྱེད་པ། སློབ་ཆེན་གྱི་ཐོན་ཁུངས་དང་རང་ངོས་ཀྱི་ཆེད་ལས་ལེགས་ཆ་སྔར་བས་འདོན་སྤེལ་བྱས་ཏེ་ལྷ་སའི་གཞི་རིམ་གྱི་སྤྱི་ཚོགས་བཅོས་སྐྱོང་ནང་ཞུགས་ནས་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལ་ཐོས་བསམ་མྱོང་རྟོགས་དང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་དུ་བཏང་བ་བཅས་བྱས་ཏེ་ལྷ་སའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཐབས་ཇུས་འདོན་པ་དང་མི་རིགས་མཐུན་སྒྲིལ་ཟབ་ཏུ་གཏོང་བར་སྟོབས་ཤུགས་ལེགས་སྐྱེས་འབུལ་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད།

(བསྟན་རྡོར་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-08-14 6 6 拉萨日报藏文 c186087.html 1 ཅང་སུའུ་ཡི་སློབ་ཆེན་སློབ་མ་100ལྷག་ཙམ་གྱིས་ལྷ་སར་སྤྱི་ཚོཊ་ལག་ལེན་བྱེད་སྒོ་སྤེལ་རྒྱུ་ཡིན་པ། /enpproperty-->