ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཟླ་8ཚེས་12ཉིན་རང་གྲོང་གི་སློབ་གྲྭ་འབྲིང་ཆུང་ཁག་གི་སྟོན་དུས་ཀྱི་སློབ་འགོ་ཚུགས་ཡོད་ཅིང་། སློབ་མ་གསར་མ་རྣམས་དགའ་ཚོར་ཆེན་པོས་དཔེ་ཁུག་གསར་པ་བརྒྱབ་ཏུ་ཁུར་ནས་སློབ་གྲྭར་བསྐྱོད་པ་དང་།སློབ་མ་རྙིང་པ་རྣམས་རང་གི་སློབ་གྲོགས་ཚོ་དང་རྒན་ལགས་ལ་དབྱར་གསེང་རིང་གི་དོན་སྙིང་ལྡན་པའི་གནས་ཚུལ་རྣམས་མཉམ་སྤྱོད་བྱེད་བཞིན་མཆིས།
སློབ་དུས་གསར་པར་བསུ་བ་ཞུ་ཆེད། སློབ་གྲྭ་སོ་སོས་སྔོན་ཚུད་ནས་གྲ་སྒྲིག་གི་བྱ་བ་གང་ལེགས་བསྒྲུབས་ཡོད། སློབ་གྲྭའི་ཁོར་ཡུག་གཙང་ཞིང་གྲལ་འགྲིག་པ་དང་། སློབ་ཁང་བཀོད་སྒྲིག་དྲོ་སྐྱིད་ལྡན་པ། སློབ་དེབ་དང་སློབ་ཁྲིད་སྒྲིག་ཆས་ཆ་ཚང་གྲ་སྒྲིག་ལེགས་པར་བྱས་ཡོད།དེ་དང་ཆབས་ཅིག་སློབ་གྲྭ་ཁག་གིས་ད་དུང་སློབ་འགོ་ཚུགས་པའི་སློབ་ཚན་དང་པོའི་བྱེད་སྒོ་སྣ་ཚོགས་སྒྲིག་འཛུགས་བྱས་ཡོད། ཉིན་དེར་ལྷ་ས་ཀོང་ཤིས་མཛའ་གྲོགས་སློབ་ཆུང་གི་སྒོ་ཆེན་སྟེང་ལྒང་ཕུག་གིས་གཞུ་དབྱིབས་ཀྱི་སྒོ་མོ་ཞིག་བཟོས་ནས་སློབ་གྲོགས་གསར་པར་དགའ་བསུ་ཞུས་པ་དང་།སློབ་མའི་བདེ་འཇགས་ཨང་དང་པོར་འཇོག་ཆེད་སློབ་འགོ་ཚུགས་པའི་སློབ་ཚན་དང་པོར་བདེ་འཇགས་སློབ་གསོའི་འཆད་ཁྲིད་བཀོད་སྒྲིག་བྱས་ཡོད། ལྷ་ས་ཀོང་ཤིས་མཛའ་གྲོགས་སློབ་ཆུང་གི་སློབ་སྤྱི་ལེང་ཙེ་ཀྲོའུ་ཡིས་སློབ་འགོ་མ་ཚུགས་གོང་།ང་ཚོས་སློབ་གྲྭའི་ནང་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་ལ་ཁྱོན་ཡོངས་ནས་གྲལ་བཤེར་བྱས་ཏེ།སློབ་གྲྭའི་ནང་གནས་སྲིད་པའི་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་སྣ་ཚོགས་ལ་སྔར་བས་གྲལ་བཤེར་བྱས་ནས་དགེ་སློབ་ཚོར་བདེ་འཇགས་དང་ཞི་མཐུན་ལྡན་པའི་སློབ་སྦྱོང་དང་ལས་ཀའི་ཁོར་ཡུག་ཅིག་བསྐྲུན་ཡོད་ཅེས་བཤད།
ཉིན་དེར།ལྷ་ས་གྲོང་ཁྱེར་སློབ་འབྲིང་བཞི་པས་སློབ་མ་གསར་པར་བསུ་བ་ཞུ་བའི་མཛད་སྒོ་གཉེར་ཡོད་ཅིང་། རྒྱལ་དར་འོག་གཏམ་བཤད་སྤེལ་བའི་བྱེད་སྒོའི་ཁྲོད་སློབ་གྲྭ་དེའི་སློབ་སྤྱི་ཟླ་སྒྲོན་གྱིས་སློབ་གྲོགས་ཚོར་རེ་བ་ནན་པོ་བཏོན་ནས་སློབ་གྲོགས་ཚོས་སློབ་སྦྱོང་དང་འཚོ་བའི་ཁོར་ཡུག་གསར་པ་དང་གང་མགྱོགས་འཚམ་པར་བྱས་ཏེ་སློབ་མ་ཡག་པོ་ཞིག་བྱེད་ཤེས་པ་དང་། སློབ་སྦྱོང་ཡག་པོ་བྱེད་པ། རྒྱང་རིང་གི་ཕུགས་བསམ་དང་དམིགས་ཚད་འཛུགས་དགོས་པའི་སྐུལ་ལྕག་བྱས་པ་རེད། ལྷ་ས་གྲོང་ཁྱེར་སློབ་འབྲིང་བཞི་པའི་ཏང་སྤྱི་ཁྱབ་ཀྲི་པའི་ཧྲུའུ་ཅི་ཐང་ཧྥེ་ཐེང་གིས་ཁྲེང་ཀོན་ཆུས་ཀྱི་ཀུན་གསལ་སློབ་བསྡུའི་ལས་དོན་གྱི་ཇུས་གཞི་གཞིར་བཟུང་། ང་ཚོའི་སློབ་གྲྭས་སྒོ་ཐེམ་མེད་པའི་སློབ་ཞུགས་མཐའ་འཁྱོངས་བྱེད་ཀྱི་ཡོད། མིག་སྔར་སློབ་གྲྭ་ཡོངས་ཀྱི་དགེ་རྒན་དང་སློབ་མ་1400ལྷག་ཙམ་སློབ་གྲྭར་འབྱོར་ཟིན། དེ་རིང་ནས་བཟུང་ང་ཚོས་དམའ་རིམ་སློབ་འབྲིང་ལོ་རིམ་དང་པོའི་སློབ་མ་གསར་པ་400ལྷག་ཙམ་ལ་དུས་ཡུན་ཉིན་གསུམ་གྱི་སྦྱོང་བརྡར་བྱ་རྒྱུ་ཡིན་ཞེས་བཤད། སློབ་འགོ་ཚུགས་པའི་ལས་དོན་ཁག་ཡག་པོ་བསྒྲུབ་ཆེད། ལྷ་ས་གྲོང་ཁྱེར་སློབ་འབྲིང་བཞི་པས་ཆེད་དོན་ཚོགས་ཆུང་བཙུགས་ནས་སློབ་གྲྭའི་གནས་ཡུལ་ཁག་ཏུ་བདེ་འཇགས་ཞིབ་བཤེར་བྱས་པ་དང་། སྟོབས་ཤུགས་རྩེ་གྲ་སྒྲིག་འཛུགས་བྱས་ཏེ་སློབ་གྲྭའི་གནས་ཡུལ་ཁག་ཏུ་བདེ་འཇགས་ཐད་སྒྲིག་བཀོད་དང་སློབ་གྲྭའི་ཟ་ཁང་སོགས་ལ་ཆེད་དོན་ཞིབ་བཤེར་བྱས་པ་རེད།
སློབ་དུས་གསར་པ་འགོ་ཚུགས་པ་ནི་འགོ་འཛུགས་ས་གསར་པ་ཞིག་ཡིན་པར་མ་ཟད། རྒྱང་ལམ་གསར་པ་ཞིག་ཀྱང་ཡིན། རང་གྲོང་གི་སློབ་གྲྭ་འབྲིང་ཆུང་ཁག་གི་དགེ་རྒན་ཚོའི་ཐུན་མོང་འབད་བརྩོན་འོག་ཕྲུ་གུ་ཚོ་རེ་བས་ཁེངས་པའི་ས་ཆ་དེའི་ཐོག་འཚར་ལོངས་ཡག་པོ་འབྱུང་ངེས་ཡིན་ལ་ཕུགས་འདུན་དོན་གཉེར་བྱས་ཏེ་ཐུན་མོང་ཐོག་སྔར་བས་མཛེས་སྡུག་ལྡན་པའི་མ་འོངས་པའི་ལེའུ་གསར་པ་བརྩམ་ངེས་རེད།
(བྱང་ཆུབ་ཆོས་སྒྲོན་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社