(པར་ངོས་དང་པོར་མཐུད)སློབ་ཆེན་ཐོན་པའི་སློབ་མ་བསྡུ་ལེན་བྱ་རྒྱུར་སྐུལ་ལྕག་བྱེད་པ། ཅང་སུའུ་ཡིས་སྤྱི་ཚོགས་ཅན་གྱི་ལས་གནས་རྒྱ་བསྐྱེད་གཏོང་བའི་བྱ་སྤྱོད་ལག་བསྟར་བྱས་ཏེ་གསར་སྤེལ་ལས་གནས་ཁྲི་10ལས་མི་ཉུང་བར་བྱེད་པ། ཀོང་ཤིས་ཀྱིས་གྲངས་འཛིན་དཔལ་འབྱོར་དང་སྔོན་ཐོན་བཟོ་སྐྲུན་ལས་རིགས་སོགས་ཀྱི་རྩལ་ནུས་གསོ་སྦྱོང་བྱེད་པ་བཅས་ཀྱི་ལས་དོན་སྤེལ་ཡོད།
ད་ལོ་ནས་བཟུང་། བརྟག་དཔྱད་བྱས་པར་གཞིགས་ན་རྒྱལ་ཡོངས་ཀྱི་གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་ཀ་ཤོར་ཚད་དེ་ན་ནིང་གི་དུས་མཚུངས་ཀྱི་ཆུ་ཚད་ལས་དམའ་བ་ཡོད། ལོ་སྟོད་དུ་རང་རྒྱལ་གྱི་གྲོང་ཁྱེར་དང་གྲོང་རྡལ་དུ་ལས་ཞུགས་མི་གྲངས་ཁྲི་698གསར་དུ་འཕར་བ་དེ་དུས་མཚུངས་ལས་མི་ཁྲི་20འཕར་ནས་ལོ་ཧྲིལ་པོའི་དམིགས་ཚད་ལས་འགན་གྱི་བརྒྱ་ཆ་58ལེགས་གྲུབ་བྱུང་ཡོད།
འཕེལ་རྒྱས་ཁྲོད་དམངས་འཚོ་འགན་སྲུང་དང་ལེགས་སུ་གཏོང་རྒྱུ་ནི་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ལས་འགན་གལ་ཆེན་ཞིག་ཡིན། ཕྱོགས་ཡོངས་ནས་སྒྱུར་བཅོས་སྔར་བས་ཟབ་ཏུ་གཏོང་དགོས་ན། ངེས་པར་དུ་ཐོག་མཐའ་བར་གསུམ་དུ་མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་མི་དམངས་ཀྱི་འདུན་པ་སྐོང་རྒྱུ་དེ་འགོ་འཛུགས་ས་དང་གཞི་ཚུགས་སར་འཛིན་དགོས།
མ་དངུལ་གཏོང་ཤུགས་ཀྱིས་དམངས་འཚོའི་ཆུ་ཚད་མངོན་པར་བྱེད་དགོས།
ལོ་སྟོད་དུ་རིམ་ཁག་ནོར་སྲིད་སྡེ་ཚན་གྱིས་ནོར་སྲིད་གཏོང་སྒོའི་གྲུབ་ཚུལ་མུ་མཐུད་ལེགས་སུ་བཏང་ནས་གཞི་རྩའི་དམངས་འཚོའི་ནོར་ཤུགས་འགན་སྲུང་བྱེད་ཤུགས་ཆེ་རུ་བཏང་ཞིང་། དེའི་ནང་། སྤྱི་ཚོགས་འགན་སྲུང་དང་ལས་ཞུགས་གཏོང་སྒོ་སྒོར་དུང་ཕྱུར་22697ཟིན་པ་དེ་དུས་མཚུངས་ལས་བརྒྱ་ཆ་4.2འཕར་ཡོད། གྲོང་ཁྱེར་དང་གྲོང་གསེབ་སྡེ་ཁུལ་གྱི་གཏོང་སྒོ་སྒོར་དུང་ཕྱུར་10472ཟིན་པ་དེ་དུས་མཚུངས་ལས་བརྒྱ་ཆ་8འཕར་ཡོད། སློབ་གསོའི་གཏོང་སྒོ་སྒོར་དུང་ཕྱུར་20291ཟིན་པ་དེ་དུས་མཚུངས་ལས་བརྒྱ་ཆ་0.6འཕར་ཡོད།
རྒྱལ་སྲིད་སྤྱི་ཁྱབ་ཁང་འཕེལ་རྒྱས་ཞིབ་འཇུག་ལྟེ་གནས་ཀྱི་ཞིབ་འཇུག་པ་ལུང་ཧའེ་པོ་ཡིས། དམངས་འཚོའི་ཐད་མ་དངུལ་གཏོང་ཤུགས་ཆེ་རུ་གཏོང་སྐབས། དམངས་ཀྱི་ས་ནས་བསྡུས་ཏེ་མི་དམངས་ཀྱི་དོན་ལ་སྤྱོད་པའི་རྩ་དོན་གཞིར་བཟུང་། ཕུགས་ལ་གཞི་ཚུགས་པ་དང་དམངས་ལ་ཁེ་ཕན་དོན་གཉེར་བྱ་རྒྱུར་སྣང་ཆེན་བྱས་ཏེ། སྤྱིའི་བགོས་གྲངས་ཆེ་ཤོས་འཚོལ་ཞིབ་བྱེད་པ་དང་། སྤྱོད་གོ་ཆོད་པ་དང་ནུས་ལྡན་གྱི་སྒྱུར་བཅོས་བྱ་ཐབས་སྤྱད་དེ་མི་དམངས་མང་ཚོཊ་ཀྱི་རྩ་བའི་ཁེ་ཕན་མངོན་འགྱུར་ཡག་པོ་དང་། སྲུང་སྐྱོང་ཡག་པོ། འཕེལ་རྒྱས་ཡག་པོ་བཅས་བྱེད་དགོས་ཞེས་བཤད།
འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག་བཅས་ལ་དམིགས་ཏེ་དམངས་འཚོའི་དོ་ཁུར་ལ་ལན་བཏབ་པ།
བསྟུད་མར་འགན་བཅོལ་ནང་ཞུགས་མཁན་ལ་སྐུལ་ལྕག་སྲིད་ཇུས་ཐོག་མར་འདོན་པ་དང་། འགན་བཅོལ་ནང་ཞུགས་མཁན་ཐེམ་ཐོའི་ཚོད་འཛིན་ལྷུག་ཏུ་གཏོང་བ། ལས་བཟོ་བའི་སྨན་བཅོས་འགན་བཅོལ་མི་སྒེར་གྱི་རྩིས་ཁྲའི་མཉམ་རོགས་ཁྱབ་ཁོངས་སྔར་བས་རྒྱ་ཆེར་གཏོང་བ་སོགས།《གཞི་རྩའི་སྨན་བཅོས་འགན་བཅོལ་ནང་ཞུགས་པའི་ནུས་པ་རྒྱུན་ཐོན་ལམ་སྲོལ་འཐུས་ཚང་གཏོང་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར》ཟླ་8ཚེས་1ཉིན་ཁྱབ་བསྒྲགས་བྱས་པ་རེད།
ནད་ལ་སྨན་བཅོས་དང་སྨན་བཅོས་ལ་འགན་སྲུང་བྱེད་པའི་ཐད། རྒྱལ་ཁབ་སྨན་བཅོས་འགན་ལེན་ཅུས་ཀྱི་ཅུས་ཀྲང་གཞོན་པ་ཧོང་ཧྭ་པོ་ཡིས་མཛུབ་ཁྲིད་བསམ་འཆར་ནང་། རྒྱུན་སྡོད་བྱ་ཡུལ་གྱི་འགན་བཅོལ་ནང་ཞུགས་རྒྱུར་ཤུགས་སྣོན་རྒྱག་པ་དང་། སྐུལ་ལྕག་ཚོད་འཛིན་འཐུས་ཚང་དུ་གཏོང་བ། མ་དངུལ་གྲབས་གསོག་སྲིད་ཇུས་འཐུས་ཚང་དུ་གཏོང་བ་སོགས་ཀྱི་ལམ་སྲོལ་ཁ་གསལ་བཏོན་པས་འགན་བཅོལ་ནང་ཞུགས་མཁན་གྱིས་ཁེ་སྤོགས་དེ་བས་མང་བ་ལོངས་སུ་སྤྱོད་ཐུབ་རྒྱུ་རེད་ཅེས་བཤད།
མི་དམངས་ཀྱི་སེམས་ཁུར་དང་རེ་སྒུག་བྱེད་སའི་ཐད་སྒྱུར་བཅོས་ཀྱིས་དམ་འཛིན་བྱེད་པ་དང་སྐུལ་འདེད་གཏོང་དགོས།
གནད་དོན་ལ་དམིགས་ནས་སྒྱུར་བཅོས་བྱེད་དགོས། “གནད་དོན་གྱི་གསལ་ཐོ”ནི“སྒྱུར་བཅོས་ཀྱི་གསལ་ཐོ”ཡིན། ལས་ཞུགས་དང་། འབབ་འཕར། སློབ་ཞུགས། སྨན་བཅོས། སྡོད་ཁང་། བྱིས་གསོ་རྒན་གསོ། ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་སོགས་མི་དམངས་ཀྱི་འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག་བཅས་ཁྲོད་ནས་སྒྱུར་བཅོས་ཀྱི་ཤུགས་འདོན་ས་དང་གནད་འགག་བཙལ་ནས་དམངས་འཚོའི་ཁ་ཚ་དགོས་གཏུགས་དང་དམངས་སེམས་ཕྱོགས་སའི་སྒྱུར་བཅོས་བྱ་ཐབས་སྔར་ལས་མང་བ་བཏོན་ན། གཞི་ནས་མི་དམངས་མང་ཚོགས་ཀྱི་ཐོབ་སྣང་ཟམ་མི་ཆད་པར་མཐོ་རུ་གཏོང་ཐུབ།
དགུང་ཟས་ཀྱི་སྐབས་སུ་ཀོང་ཀྲོའུ་གྲོང་ཁྱེར་ལི་དབན་ཆུས་ནན་ཡོན་ཁྲོམ་གཞུང་ཐུང་ལེ་སྡེ་ཁུལ་གྱི་ཟ་ཁང་ནང་དྲི་ཞིམ་འཐུལ་བཞིན་ཡོད།
ལོ་བརྒྱད་ཅུར་སླེབས་པའི་དབྱང་ཤིན་ཚི་ཡིས། འདི་གའི་མ་ཆེན་གྱིས་ཟ་མ་བཟོ་སྐབས་རྒན་རྒོན་གྱི་ཟས་སྤྱོད་ཀྱི་གོམས་གཤིས་ལ་གཞིགས་ནས་བཟོ་བཞིན་ཡོད། ཟ་མ་ཞིམ་ལ་རིན་གོང་ཡང་ཁེ་པོ་ཡོད་ཅེས་བཤད། དགུང་ལོ་བརྒྱད་ཅུར་སླེབས་པའི་དབྱང་ཤིན་ཚི་ཉིན་ལྟར་འདི་གར་ཟ་མ་བཟའ་བར་ཡོང་གི་ཡོད།
ཐུང་ལེ་སྡེ་ཁུལ་གྱི་ཟ་ཁང་དུ་རྒན་རྒོན་ཚོའི་ཤ་ཡོད་ཟ་མ་གཉིས་དང་དཀར་ཟས་གཅིག་ལ་སྒོར་14ཡིན་པ་དང་། ཀོང་ཀྲོའུ་རུ་རྒན་རབས་ཀྱི་ཟ་ཁང་དང་སྡེ་ཁུལ་གྱི་ཟ་ཁང་དེ་འདྲ་ཁྱོན་1400ལྷག་ཙམ་ཡོད་ཅིང་། དེ་དག་གྲོང་ཁྱེར་ཡོངས་ཀྱི་ཁྲོམ་གཞུང་དང་། གྲོང་ཚོ།“ལྟེ་བའི་གྲོང་ཁུལ་དུ་སྐར་མ་10ནས་15བར་དང་། ཕྱི་རོལ་གྲོང་ཁུལ་དུ་སྐར་མ་20ནས་25བར”ཁྱབ་པའི་ཞབས་ཞུའི་དྲ་རྒྱ་སྤྱིར་ན་ཆགས་ཡོད།
གཏན་འབེབས་ནང་།“གཞི་རྩའི་སྤྱི་པའི་ཞབས་ཞུའི་ལམ་ལུགས་མ་ལག་འཐུས་ཚང་དུ་གཏོང་བ་དང་། ཀུན་ཕན་རང་བཞིན་དང་། རྨང་གཞིའི་རང་བཞིན། མཐིལ་སྲུང་རང་བཞིན་བཅས་ཀྱི་དམངས་འཚོ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་དགོས”ཞེས་ནན་གསུངས་གནང་ཡོད་ཅིང་།“སྤྱི་ཚོགས་འགན་སྲུང་མ་ལག་འཐུས་ཚང་དུ་གཏོང་བ”དང་།“སྨན་བཅོས་འཕྲོད་བསྟེན་སྒྲིག་སྲོལ་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ” “གཞི་རྩའི་རྒན་གསོའི་ཞབས་ཞུའི་མཁོ་སྤྲོད་ལེགས་སུ་གཏོང་བ”སོགས་ཀྱི་བླང་བྱ་བཏོན་ཡོད།
ད་ལོ་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་རྨང་གཞིའི་རྒན་གསོའི་དངུལ་གྱི་ཟླ་རེའི་ཚད་གཞི་དམའ་ཤོས་བརྒྱ་ཆ་19.4མཐོ་རུ་བཏང་བ་དང་། གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་འཁྱུར་ངལ་གསོའི་ལས་བཟོ་བའི་མི་རེའི་ཆ་སྙོམས་ཀྱི་བརྒྱ་ཆ་3ཡི་ཆུ་ཚད་གཞིར་བཟུང་གཞི་རྩའི་རྒན་གསོའི་དངུལ་མཐོ་རུ་བཏང་བ། 《སྨན་བཅོས་འཕྲོད་བསྟེན་སྒྲིག་སྲོལ་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བའི་2024ལོའི་གཙོ་གནད་ལས་ཀའི་ལས་འགན》གྱིས་སྨན་བཅོས་སྒྱུར་བཅོས་ཀྱི“ལམ་རིས”སྔར་བས་ཞིབ་ཚགས་སུ་བཏང་བ། 《མི་རྩ་བར་འཛིན་པའི་གྲོང་ཁྱེར་དང་གྲོང་རྡལ་ཅན་གྱི་འཐབ་ཇུས་གསར་པ་ལག་བསྟར་གཏིང་ཟབ་བྱེད་པའི་ལོ་ལྔའི་བྱ་སྤྱོད་འཆར་གཞིས》སླད་ཕྱིན་ལོ་5ཡི་ནང་ཐེམ་ཐོའི་ལམ་ལུགས་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་རྒྱུའི་ཐད་ཁ་གསལ་བཀོད་སྒྲིག་སོགས་བྱས་ཡོད།
སྨན་བཅོས་དང་རྒན་གསོ་ནས་ཐེམ་ཐོའི་ལམ་ལུགས་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བའི་བར་མི་སེམས་ལ་དྲོ་སྐྱིད་སྦྱིན་པའི་བྱ་ཐབས་རེ་རེས་དམངས་འཚོའི་བདེ་རྩ་རྒྱུན་མཐུད་ངང་མཐོ་་རུ་ཕྱིན་ཡོད།
སྤུས་ཚད་མཐོ་བའི་འཕེལ་རྒྱས་མཐའ་འཁྱོངས་བྱས་ནས་དེ་བས་མཛེས་སྡུག་ལྡན་པའི་འཚོ་བ་བཏོད་པ།
ཞོགས་པར་ཡུན་ནན་ལི་ཅང་ཧྭ་ཕིང་རྫོང་རུང་ཅང་གྲོང་རྡལ་ལུང་ཐུང་གྲོང་ཚོའི་གྲོང་མི་ཚོས་སྔོ་ཐིང་ཐིང་གི་ཤིང་ཏོག་ཨ་མྲའི་སྡོང་པོའི་ཁྲོད་དུ་ལས་ཀ་བྱེད་བཞིན་ཡོད་ཅིང་། ལུང་ཐུང་གྲོང་ཚོའི་དུད་ཚང་ཚང་མས་ཤིང་ཏོག་ཨ་མྲ་འདེབས་ཀྱི་ཡོད།
ཧྭ་ཕིང་རྫོང་ནི་ཅིན་ཧྲ་གཙང་པོའི་འགྲམ་དུ་གནས་པ་དང་། དེ་སྔ་རྒྱལ་ཡོངས་ཀྱི་གཙོ་གནད་རྡོ་སོལ་ཐོན་སྐྱེད་རྫོང་100ཡི་གྲས་ཤིག་ཡིན། གོ་རིམ་མེད་པའི་སྒོ་ནས་གསར་སྤེལ་བྱས་པའི་རྐྱེན་གྱིས་འབྱུང་ཁམས་ལ་སྐབས་ཤིག་རིང་གཏོར་བརླག་ཆེན་པོ་ཐེབས་ཡོད། ད་ཆ་གོ་རིམ་ལྡན་པའི་སྒོ་ནས་གཏེར་སྒོ་བརྒྱབ་ཅིང་། འོད་དང་། ཚ་བ། ཆུའི་ཐོན་ཁུངས་བཅས་ལ་བརྟེན་ནས་ཤིང་ཏོག་ཨ་མྲ་འདེབས་འཛུགས་དང་ཁྱབ་གདལ་བཏང་བ་བརྒྱུད། ཧྭ་ཕིང་གི་འབྱུང་ཁམས་ཇེ་ལེགས་སུ་ཕྱིན་ཡོད། མིག་སྔར། ཧྭ་ཕིང་གི་ཤིང་ཏོག་ཨ་མྲ་འདེབས་འཛུགས་རྒྱ་ཁྱོན་མུའུ་ཁྲི་45.9ཟིན་པ་དང་། ལོ་རེའི་ཐོན་ཚད་ཏུན་ཁྲི་44དང་ལོ་རེའི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར་28.6ཟིན་གྱི་ཡོད།
དེ་སྔ་རྡོ་སོལ་གཏེར་ཁའི་བཟོ་པ་ཡིན་པའི་གྲོང་མི་ལི་ཏེ་ཕུའུ་ནི་གྲོང་ཚོ་ཡོངས་ཀྱི་ཤིང་ཏོག་ཨ་མྲ་འདེབས་སྔ་ཤོས་ཀྱི་གྲས་ཤིག་ཡིན།ཁོང་གིས་ཤིང་ཏོག་ཨ་མྲ་བཏབ་རྗེས་འབྱུང་ཁམས་ལེགས་སུ་ཕྱིན་པར་མ་ཟད། ཡོང་འབབ་ཡང་ཡག་ཏུ་ཕྱིན་ཡོད་ཅེས་རང་ཁྱིམ་གྱི་ཤིང་ཏོག་ཨ་མྲའི་སྡོང་པོར་ལྟ་གིན་ལྷག་བསམ་ཟོལ་མེད་ངང་བཤད།
འབྱུང་ཁམས་ཁོར་ཡུག་ལ་སྲུང་སྐྱོང་བྱ་རྒྱུ་ནི་མཛེས་སྡུག་ལྡན་པའི་འཚོ་བ་སྐྲུན་པར་མེད་དུ་མི་རུང་བའི་བརྒྱུད་རིམ་ཞིག་ཡིན།
ཉེ་བའི་ལོ་ཤས་རིང་། འབྱུང་ཁམས་དཔལ་ཡོན་སྒྲིག་སྲོལ་སྒྱུར་བཅོས་ཟམ་མི་ཆད་པར་བཏང་ཡོད། ཁོར་ཡུག་སྲུང་སྐྱོང་གི་ལྟ་ཞིབ་ལས་ཀའི་ལམ་སྲོལ་འཛུགས་པ་དང་། སྦགས་བཙོག་འགོག་བཅོས་ཀྱི་འགག་སྒྲོལ་འཐབ་འཛིང་གཏིང་ཟབ་བྱེད་པ། འབྱུང་ཁམས་སྲུང་སྐྱོང་གི་ཁ་གསབ་ལམ་སྲོལ་འཐུས་ཚང་དུ་གཏོང་བ། གཙོ་གནད་འབྱུང་ཁམས་ནུས་པའི་ཁུལ་གྱི་ཐོན་ལས་ཞུགས་འཐུས་ལྡོག་ཕྱོགས་ཀྱི་ཞིབ་ཐོ་བཟོ་བ། འབྱུང་ཁམས་སྲུང་སྐྱོང་གི་དམར་ཐིག་དབྱེ་འབྱེད་དང་ནན་སྲུང་བྱེད་པ་སོགས་སྒྱུར་བཅོས་བྱ་ཐབས་ནུས་ལྡན་རེ་རེར་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད། ད་ལོའི་ཟླ་6ཚེས་1ཉིན《འབྱུང་ཁམས་སྲུང་སྐྱོང་གུན་གསབ་སྲོལ་ཡིག》ལག་བསྟར་བྱེད་འགོ་ཚུགས་པ་དང་། འབྱུང་ཁམས་དཔལ་ཡོན་སྒྲིག་སྲོལ་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བའི་དུས་མཚམས་གསར་པར་སླེབས་ཡོད།
ཧྲན་ཏུང་ཏེ་ཀྲོའུ་ཉིང་ཅིན་རྫོང་ཁྲའེ་ཧུའུ་ཏན་གྲོང་རྡལ་ཝང་ཧྲི་དབྱིན་གྲོང་ཚོའི་འདམ་ཉ་གསོ་སྤེལ་རྟེན་གཞིར་ལྡིང་ལྡིང་བྱེད་བཞིན་པའི་འདམ་ཉ་རེ་རེར་གྲོང་མི་ཚོའི་ཕྱུག་འགྱུར་གྱི་རེ་བ་བཅོལ་ཡོད།
ཞོགས་པ་སྔ་པོ་ནས་རྒྱལ་ཁབ་གློག་དྲ་ཉིང་ཅིན་རྫོང་གློག་འདོན་ཀུང་སིའི་གློག་ཤུགས་སྐྱེལ་འདྲེན་སྲུང་སྐྱོང་པ་ཀྲུའུ་ཅན་ཀྲི་ཡིས་ལམ་ཐིག་ལ་སྐོར་ཞིབ་བྱས་ནས་གྲོང་ཚོའི་ཐོན་སྐྱེད་དང་གློག་སྤྱོད་སྒྲིག་ཆས་ལ་ཞིབ་བཤེར་བྱེད་ཀྱི་ཡོད། ཀྲུའུ་ཅན་ཀྲི་ཡིས་གློག་དྲ་སྒྱུར་བཀོད་རིམ་སྤོར་བྱས་པ་བརྒྱུད། གྲོང་ཚོའི་ནང་རང་འགུལ་ཐོན་སྐྱེད་སྒྲུབ་རིམ་གཉིས་སྒྲིག་སྦྱོར་བྱས་ནས་འདམ་ཉ་ལས་སྣོན་ཞིབ་ཚགས་བྱེད་པའི་རྣམ་གྲངས་སྤེལ་བར་མ་ཟད། ད་དུང་མ་དངུལ་བསྡུ་རུབ་བྱས་ནས་ས་ཆ་མུའུ་78ཟིན་པའི་འབུ་ཆ་ག་པ་གསོ་སྤེལ་རྟེན་གཞི་བསྐྲུན་ནས་གྲོང་མིར་ལས་ཞུགས་དང་འབབ་འཕར་ཡོང་བར་སྐུལ་ཁྲིད་བྱས་ཡོད་ཅེས་བཤད།
ཉེ་བའི་ལོ་འགའི་རིང་ལ། རང་རྒྱལ་གྱི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་རྣམ་པར་འགྱུར་ལྡོག་ཆེན་པོ་བྱུང་སྟེ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་ཡོང་འབབ་ཀྱི་བསྡུར་ཚད་རྒྱུན་ཆད་མེད་པར་ཆག་པ་དང་། གྲོང་གསེབ་ཀྱི་རྨང་གཞིའི་སྒྲིག་བཀོད་དང་སྤྱི་པའི་ཞབས་ཞུ་མངོན་གསལ་དོད་པོས་ལེཊ་སུ་ཕྱིན་ཡོད།
ཞིང་ལས་སྟོབས་ལྡན་དང་། ཞིང་ཕན། ཞིང་ཕྱུག་བཅས་ལ་རྒྱབ་སྐྱོར་བྱེད་པའི་ལམ་ལུགས་འཐུས་ཚང་དུ་གཏོང་རྒྱུར་དམིགས་ནས་གཏན་འབེབས་ནང་། ཞིང་ལས་དང་གྲོང་གསེབ་སྔོན་ལ་འཕེལ་རྒྱས་གཏོང་རྒྱུ་མཐའ་འཁྱོངས་དང་། གྲོང་གསེབ་དར་རྒྱས་ལ་མ་དངུལ་གཏོང་བའི་ལམ་སྲོལ་འཐུས་ཚང་དུ་གཏོང་བ་དང་འབྲེལ“ཞིང་ལས་ཁ་གསབ་སྲིད་ཇུས་མ་ལག་ལེགས་སུ་གཏོང་བ”དང་།“དབུལ་པོར་བསྐྱར་ལོག་གི་སྔོན་འགོག་ལམ་སྲོལ་འཐུས་ཚང་དུ་གཏོང་བ” “འབྲུ་རིགས་འདེབས་མཁན་ཞིང་པའི་ཡོང་འབབ་འགན་ལེན་ལམ་སྲོལ་འཐུས་ཚང་མགྱོགས་སུ་གཏོང་བ”སོགས་ཐད་བཀོད་སྒྲིག་ཞིབ་ཕྲ་བྱས་ཡོད་ཅེས་བསྟན་ཡོད།
འཕེལ་རྒྱས་ཀྱིས་དྲི་གཞི་བཏོན་ནས་་སྒྱུར་བཅོས་ཀྱིས་རྩོམ་ཡིག་བྲིས།
སྤྱི་ཚོགས་རོགས་སྐྱོབ་ལམ་ལུགས་སྒྱུར་བཅོས་དང་འཐུས་ཚང་དུ་བཏང་བ་དང་། ཡོང་འབབ་དམའ་བའི་མི་འབོར་ངོས་འཛིན་དང་འགུལ་རྣམ་ལྟ་ཞིབ་ཚད་ལེན་བྱེད་ཤུགས་ཆེ་རུ་བཏང་བ། གཞི་རྩའི་སྤྱི་པའི་ཞབས་ཞུའི་མ་ལག་འཐུས་ཚང་དུ་བཏང་བ། མཉམ་སྐྲུན་མཉམ་སྐྱོང་མཉམ་སྤྱོད་ཀྱི་སྤྱི་ཚོགས་བཅོས་སྐྱོང་ལམ་ལུགས་སྔར་བས་འཐུས་ཚང་དུ་བཏང་བ། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བར་བརྟེན་ནས་རིག་གནས་འཛུགས་སྐྱོང་ལ་སྣེ་ཁྲིད་བྱས་ཏེ་མི་དམངས་ཀྱི་བསམ་པའི་འཇིག་རྟེན་སྔར་ལས་ཕུན་སུམ་ཚོགས་སུ་བཏང་བ་སོགས་སྒྱུར་བཅོས་ཀྱི་གྲུབ་འབྲས་རེ་རེས་ཡིད་ཆེས་ཆེ་རུ་བཏང་བ་དང་། མི་སེམས་དྲོ་རུ་བཏང་བ། དམངས་སེམས་གཅིག་ཏུ་བསྒྲིལ་པ་བཅས་བྱས་ཡོད།
དམངས་འཚོ་ནི་བྱ་བ་ཆུང་ཆུང་ཞིག་ཡིན་རུང་། ཡལ་ག་དང་ལོ་མར་བརྩེ་བས་ཁེངས་ཡོད། དམངས་འཚོ་འགན་སྲུང་དང་ལེགས་སུ་གཏོང་བར་མཇུག་སྣེ་མེད། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་བློ་བརྟན་འགྱུར་མེད་ཀྱི་འགོ་ཁྲིད་འོག རྒྱལ་ཡོངས་ཀྱི་གོང་འོག་ཚང་མས་སེམས་ཤུགས་གཅིག་སྒྲིལ་གྱིས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་ཐོག་བཏོན་པའི་སྒྱུར་བཅོས་ཀྱི་ལས་འགན་བསྒྲུབས་ནས། དམངས་འཚོ་འགན་སྲུང་གི་ལས་དོན་ཏན་ཏིག་བསྒྲུབས་ཚེ་དམངས་ཀྱི་འཚོ་བ་སྔར་བས་སྐྱིད་དུ་འགྲོ་ངེས།
(ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་8ཚེས་11ཉིན་འབྱོར་བའི་གློག་འཕྲིན)
(བྱམས་པ་ཚེ་རིང་གིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社