(པར་ངོས་དང་པོར་མཐུད)གཙོ་དོན་གཏམ་བཤད་སྤེལ་བར་མ་ཟད། དྲི་བར་ལན་འདེབས་པའི་ཐབས་ལམ་ལ་བརྟེན་ནས་ཚོགས་ཞུགས་པ་དང་བགྲོ་གླེང་བྱས་ཡོད།
གཏམ་བཤད་མཁན་གྱི་ཁྲོད་དུ་ནན་གྱིས་བརྩོན་པར་གཞོལ་བའི་ཆེད་ལས་མཁས་པ་དང་ཚན་ཞིབ་ཀྱི་འཐབ་ས་མདུན་མར་གཡུར་ཟའི་འབྲས་བཟང་ཡང་ཡང་གཏོད་མྱོང་བའི་གཞོན་སྐྱེས་ཤེས་ལྡན་པ་ཡོད་ལ། ད་དུང་ཁེ་ལས་ལས་རིགས་ཀྱི་ཤེས་ལྡན་པ་ཕུལ་བྱུང་ཡང་ཡོད། ཁོང་ཚོས་གོ་བདེ་བའི་སྐད་ཆའི་ཐོག་ནས་ཞིབ་འཇུག་གི་གྲུབ་འབྲས་གསར་ཤོས་དང་འབྱུང་འགྱུར་གྱི་འཕེལ་ཕྱོགས་གླེང་སྟེ། ཚོགས་ཞུགས་པར་གསོན་ཉམས་དོད་ལ་ངོ་མཚར་ཆེ་བའི་གཏམ་བཤད་སྤེལ་ཞིང་། མཐོང་ཐོས་གསར་པ་དང་ལྟ་བ་མི་འདྲ་བའི་ཐོག་ནས་ཚོགས་ཞུགས་པར་བློ་སྐྱེད་ཡོང་ཐབས་བྱས་ཡོད།
ཀྲུང་གོའི་ཞིང་ལས་སློབ་ཆེན་གྱི་དགེ་རྒན་ཆེ་མོ་བ་ཧུའུ་ཅིན་ཡིའུ་ཡིས། དེ་རིང་ངས་ཁ་བྱང་དུ《ཚན་རྩལ་གསར་གཏོད་དང་ཞིང་ལས་ཁྱབ་ཁོངས་འཕེལ་རྒྱས་ཀྱི་གོ་སྐབས་གསར་པ》ཞེས་པ་བཀོད་ནས་གཏམ་བཤད་སྤེལ་བ་ཡིན། རྒྱུ་མཚན་ནི་ད་བར་གྱི་ངའི་ལས་ཀ་ནི་ཞིང་ལས་ཞིབ་འཇུག་གི་ལས་དོན་ཡིན་ལ་ངས་སྔ་ཕྱི་བར་གསུམ་དུ་དེའི་ཐད་ལ་དོ་ཁུར་བྱས་པའི་རྐྱེན་གྱིས་ཡིན། ཐེངས་འདིའི་གཏམ་བཤད་བརྒྱུད། ང་ཚོའི་ས་གནས་འདིའི་འགོ་ཁྲིད་དང་། ཁེ་ལས་མཁས་ཅན། དེ་བཞིན་ཞིང་འབྲོག་པ་བཅས་དང་བགྲོ་གླེང་བྱས་ཏེ། ས་གནས་འདིའི་ཞིང་འབྲོག་ལས་འཕེལ་རྒྱས་ལ་ནུས་པ་ཇི་ལྟར་འདོན་རྒྱུའི་ཐད་གྲོས་བསྡུར་བྱ་རྒྱུའི་རེ་བ་བྱེད་ཀྱི་ཡོད། དུས་མཚུངས་སུ་ཞིང་ལས་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་དང་འཕེལ་ཕྱོགས་གསར་པ་ཚང་མར་གླེང་ནས་འབྱུང་འགྱུར་གྱི་འཕེལ་རྒྱས་དང་མཉམ་ལས་ལ་རྨང་གཞི་སྔར་བས་འདིང་རྒྱུ་ཡིན། ང་ཚོ་དང་བོད་ལྗོངས་སློབ་ཆེན། དེ་བཞིན་ང་ཚོ་དང་བོད་ལྗོངས་ཞིང་འབྲོག་སློབ་གླིང་དབར་མཉམ་ལས་ཡག་པོ་བྱེད་ཀྱི་ཡོད་ལ་སློབ་ཁྲིད་དང་ཚན་ཞིབ་ཐད་སྤེལ་རེས་ཀྱང་བྱེད་ཀྱི་ཡོད། བརྒྱུད་རིམ་དེ་དག་ཁྲོད་ནས་ཐོན་སྐྱེད་ནུས་ཤུགས་གསར་པ་བཟང་སྐྱེད་འབྱུང་བཞིན་པ་ངས་ཚོར་བྱུང་བས། འབྱུང་འགྱུར་ལ་རེ་བ་ཆེན་པོ་ཡོད་སྙམ་གྱི་འདུག་ཅེས་བཤད།
ཆི་ཏི་མ་རྐང་ཚོད་འཛིན་ལག་བསྟར་སྤྱི་འདོམས་པ་ཀྲང་ཅིན་ཧྲེང་གིས། ངས་བལྟས་ན་ཚན་རྩལ་གྱི་ཞབས་ཞུའི་ལས་རིགས་ནི་ཐོན་སྐྱེད་ནུས་ཤུགས་གསར་པ་འཕེལ་རྒྱས་གཏོང་བའི་ནུས་པ་གལ་ཆེན་ཞིག་ཡིན་པས། གསར་གཏོད་ལས་གཏོད་ཀྱི་ཁོར་ཡུག་དེ་བས་ལེགས་པ་ཞིག་ཇི་ལྟར་གཏོད་རྒྱུ་དང་། ཚན་རྩལ་གྲུབ་འབྲས་གཞན་སྒྱུར་དང་ཚན་རྩལ་ཁེ་ལས་དར་རྒྱས་ཡོང་བར་ཕན་པའི་ཞབས་ཞུའི་མ་ལག་ཇི་ལྟར་འཛུགས་རྒྱུ། གསོ་སྐྱོང་དང་མ་འཇོག་གི་ལས་སྒོ་ཇི་ལྟར་འཛུགས་རྒྱུ། ཤེས་ལྡན་པ་དང་རྣམ་གྲངས་དེ་བས་མང་བ་ལྷ་སར་འཕེལ་རྒྱས་ཇི་ལྟར་གཏོང་བ་བཅས་ནི་ལྷ་སས་ཐོན་སྐྱེད་ནུས་ཤུགས་གསར་པ་འཕེལ་རྒྱས་གཏོང་བའི་དམིགས་ས་གལ་ཆེན་ཞིག་རེད་སྙམ་གྱི་འདུག ཤེས་ལྡན་པ་ལྷ་སར་གཞི་ཚུགས་པ་དང་། ཐོན་ལས་ལྷ་སར་དར་རྒྱས་ཡོང་བ། ཚན་རྩལ་གྲུབ་འབྲས་གཞན་སྒྱུར་ལ་ཕན་ཐོགས་པ། གསར་གཏོད་ལས་གཏོད་ཀྱི་ཤེས་ལྡན་པ་བཟང་སྐྱེད་ཡོང་བར་ཕན་པ་ཐོགས་པ་བཅས་བྱེད་པར་ཁོར་ཡུག་ནི་ཧ་ཅང་གལ་འགངས་ཆེན་པོ་རེད་ཅེས་བཤད།
ཚོགས་ཞུགས་པས་ནན་ཏན་གྱིས་ཉན་པ་དང་གོ་བ་བླངས་རྗེས། ཆེད་ལས་མཁས་པ་5ཡི་གཏམ་བཤད་ཀྱི་བརྗོད་བྱ་འབུར་དུ་ཐོན་པ་དང་གཙོ་གནད་འབུར་དུ་ཐོན་པས། ཚན་རྩལ་དངུལ་རྩ་དང་ཐོན་སྐྱེད་ནུས་ཤུགས་གསར་པ་སོགས་ཀྱི་ཐད་སྔར་བས་ཤེས་རྟོཊ་བྱུང་བར་མ་ཟད། གསར་གཏོད་དང་ཡར་ཐོན་ལ་བསམ་གཞིགས་བྱ་རྒྱུར་སྐུལ་མ་ཐེབས་བྱུང་ཞེས་གཅིག་རྗེས་གཉིས་མཐུད་དུ་བཤད།
ཚོགས་ཞུགས་པ་ཀུའོ་ཕུའུ་ཀུའེ་ཡིས། ཆེད་ལས་མཁས་པའི་གཏམ་བཤད་ལ་ཉན་ནས་བློ་སྐྱེད་ཆེན་པོ་བྱུང་ལ། ལྷ་ས་གྲོང་ཁྱེར་གྱིས་ཤེས་ལྡན་པར་མཐོང་ཆེན་བྱེད་ལུགས་ཀྱང་ཚོར་བྱུང་། ཁོར་ཡུག་དེ་ལྟ་བུའི་ཁྲོད་རང་ཉིད་ལ་གོ་སྐབས་དང་ཡར་རྒྱས་ཀྱི་བར་མཐོངས་དེ་བས་མང་བ་ཐོབ་རྒྱུ་ཡིན་པའི་ཡིད་ཆེས་ལ་ཡོད། ངས་ལྷ་སའི་འཕེལ་རྒྱས་ཆེད་རང་ཉིད་ཀྱི་སྟོབས་ཤུགས་གང་ཡོད་ལེགས་སྐྱེས་སུ་འབུལ་རྒྱུ་ཡིན་ཞེས་བཤད།
ཤེས་ལྡན་པ་ནི་ཐོན་ཁུངས་ཨང་དང་པོ་ཡིན། ཉེ་བའི་ལོ་ཤས་རིང་། ལྷ་ས་གྲོང་ཁྱེར་གྱིས་ཁོར་ཡུག་ལེགས་སུ་གཏོང་བ་དང་། ས་རྒྱུ་གཤིན་པོ་རྨོ་བ། ལས་སྟེགས་སྐྲུན་པ་བཅས་ཀྱི་སྒོ་ནས་ཤེས་ལྡན་པར་བརྩི་བཀུར་དང་འཇོན་ཐང་ལ་མཐོང་ཆེན་བྱེད་པའི་རྣམ་པ་ཟབ་མོ་བཏོད་དེ། ལྷ་སའི་ས་གཞི་ཆེན་པོ་འདིར་དེ་བས་མང་བའི་ཤེས་ལྡན་པའི་གཟི་བརྗིད་མངོན་རྒྱུར་རམ་འདེཊ་བྱས་པ་དང་། ལྗོངས་ཡོངས་ཀྱི་ཤེས་ལྡན་པ་འཕེལ་རྒྱས་གཏོང་བའི་མཐོ་ས་གཏོད་རྒྱུར་ཤུགས་སྣོན་བརྒྱབ་ཡོད། ཐེངས་འདིའི་གཙོ་དོན་གཏམ་བཤད་བྱེད་སྒོ་དེ་ལྷ་ས་གྲོང་ཁྱེར་གྱི་2024ལོའི་ཤེས་ལྡན་པའི་གཟའ་འཁོར་གྱི་བྱེད་སྒོ་རབ་དང་རིམ་པའི་གྲས་ཤིག་ཡིན་ཞིང་། དེའི་དམིགས་ཡུལ་ནི་ཆེད་ལས་མཁས་པ་དང་འབྲེལ་གཏུགས་དང་གྲོས་བསྡུར་བྱེད་པའི་སྟེགས་བུ་བཏོད་དེ། ཆེད་ལས་མཁས་པ་ཚོས་རང་སོ་སོའི་ཆེད་ལས་ཁྱབ་ཁོངས་དང་ཟུང་འབྲེལ་བྱས་ནས་བསམ་འཆར་དང་ཐབས་ཇུས་ཧུར་ཐག་འདོན་ཆེད་རེད།
ཆིང་ཧྭ་སློབ་ཆེན་དཔལ་འབྱོར་དོ་དམ་སློབ་གླིང་རིག་གཞུང་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཁྲེན་ཞའོ་ཡིས། ཤེས་ལྡན་པ་འཛུགས་སྐྱོང་དེ་རིགས་གཉིས་སུ་དབྱེ་ཆོག་སྙམ་གྱི་འདུག གཅིག་ནི་རྩེར་སོན་ཤེས་ལྡན་པ་དང་གཅིག་ནི་ཐོན་ལས་ཀྱི་བཟོ་པ་ཡིན། ངས་གྲོས་འགོ་ཆེན་པོ་ཞིག་འདོན་རྒྱུ་སྟེ། ལྗོངས་ཕྱིའི་སྣེ་འདྲེན་ཁེ་ལས་དང་སྤེལ་རེས་བྱེད་པའི་ལམ་སྲོལ་རབ་དང་རིམ་པ་བཙུགས་ནས་ལས་བྱེད་པ་ལྗོངས་ཕྱིའི་ཁེ་ལས་ལ་སློབ་སྦྱོང་དུ་མངག་རྒྱུ་དེ་ཡིན་ཞེས་བཤད།
ཆིང་ཧྭ་སློབ་ཆེན་གསར་འགྱུར་སློབ་གླིང་གི་དགེ་རྒན་ཆེ་མོ་བ་ཧྲེན་དབྱང་གིས། ལྷ་སའི་གཞོན་ནུ་དེ་བས་མང་བར་མིས་བཟོས་རིག་ནུས་ཀྱི་ཤེས་བྱ་སློབ་ཅིང་།མཐོ་སློབ་དང་མཉམ་ལས་བྱ་རྒྱུར་ཤུགས་སྣོན་བརྒྱབ་སྟེ། མ་འོངས་པར་AIལ་བརྟེན་ནས་ལྷ་སའི་རིག་གནས་ཡུལ་སྐོར་དང་། རིག་གནས་སྒྱུ་རྩལ། འབྱུང་ཁམས་འཛུགས་སྐྲུན་བཅས་ལ་སྔར་བས་ཤུགས་སྣོན་རྒྱག་རྒྱུ་དེ་ནི་ངས་འདོན་རྒྱུའི་གྲོས་འགོ་ཡིན། ངས་ལྷ་སའི་འབྱུང་འགྱུར་ལ་ཡིད་ཆེས་ཆེན་པོ་བྱེད་ཀྱི་ཡོད། མ་འོངས་པའི་ལྷ་སའི་AIལག་རྩལ་དེ་ནི་འོད་སྟོང་དང་ལྡན་པ་ཞིག་ཡོང་རྒྱུ་རེད་ཅེས་བཤད།
(ཨོ་རྒྱན་ཚེ་རིང་གིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社