分享按钮

གྲོང་མིར་ཕན་པ་ཐོབ་པ་དང་། ཁྲོམ་རར་གསོན་ཤུགས་འཕེལ་བ། དཔལ་འབྱོར་ལ་འདེགས་སྐྱོར་ཐོབ་པ།

(པར་ངོས་དང་པོར་མཐུད)ཚོང་ཟོག་ཉོ་བར་ཡོང་མཁན་སྐུ་མགྲོན་རྒྱུན་ཆད་མེད་པ་དང་། སྒོ་རྩིས་ཚོང་ཁང་ག་གེ་མོའི་ཁྱིམ་སྤྱོད་གློག་ཆས་འཇོག་སར་གྲོང་མི་མང་ཚོགས་ཀྱིས《སྲིད་ཇུས་དོན་ཚན་བརྒྱད》ལ་བརྟེན་ནས་རང་ཉིད་ཀྱི་དགའ་བའི་ཁྱིམ་སྤྱོད་གློག་ཆས་ཉོ་བཞིན་ཡོད། དུས་ཐོག་ཆར་པ་དང་འདྲ་བའི་གཟིགས་སྐྱོང་གི་ཁ་གསབ་སྲིད་ཇུས་དེས་འཛད་སྤྱོད་པས་རྩེར་སོན་རིག་ནུས་ཁྱིམ་སྤྱོད་གློག་ཆས་དང་སྤྱོད་གོ་ཆོད་པའི་འཚོ་བའི་ཁྱིམ་སྤྱོད་གློག་ཆས་ཆུང་གྲས་སོགས་ཉོ་ནས་སྤུས་ཚད་མཐོ་བའི་འཚོ་བ་ལོངས་སུ་སྤྱོད་རྒྱུར་ཕན་པ་དངོས་དངོས་རྗེན་རྗེན་ཐོབ་ཡོད།

ཁྱིམ་སྤྱོད་གློག་ཆས་ཉོ་བཞིན་པའི་གྲོང་མི་ཁྲེན་ལགས་ཀྱིས། 《སྲིད་ཇུས་དོན་ཚན་བརྒྱད》ནང་ཁ་གསབ་མང་པོ་འདུག་ལ། འཛད་སྤྱོད་འཛིན་ཤོག་བེད་སྤྱོད་སྐབས་ཀྱང་ཧ་ཅང་སྟབས་བདེ་འདུག ཅ་ལག་ཉོ་སྐབས་གཟིགས་སྐྱོང་གི་ཁ་གསབ་ལོངས་སུ་སྤྱོད་ཐུབ། སྟབས་བདེ་བའི་བྱ་ཐབས་དེས་སྲིད་ཇུས་ཀྱི་ཕན་པ་དངོས་སུ་ཚོར་གྱི་འདུག སྲིད་གཞུང་གིས་མུ་མཐུད་དེ་གཟིགས་སྐྱོང་སྲིད་ཇུས་བཏོན་ནས་འཛད་སྤྱོད་ལ་སྐུལ་འདེད་དང་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུའི་རེ་བ་ཡོད་ཅེས་བཤད།

འཚོ་བའི་མཁོ་ཆས་ཁྲོམ་ར་དར་ཞིང་རྒྱས་པ་དེའི་ཐོག་ནས་གྲོང་མིའི་འཚོ་བའི་སྤུས་ཚད་མཐོ་རུ་ཕྱིན་པ་མཚོན་པར་མ་ཟད། ལྷ་ས་གྲོང་ཁྱེར་གྱི་འཛད་སྤྱོད་ཁྲོམ་རའི་དར་རྒྱས་དང་གསོན་ཤུགས་ཀྱང་མངོན་ཐུབ། ཡུང་ཧུའེ་སྒོ་རྩིས་ཚོང་ཁང་གི་ལྷ་ས་ཁྲེང་ཀོན་ཝན་ཏཱ་ཚོང་ཁང་གི་ཚོང་དཔོན་ཕན་རུང་གོ་ཡིས།《སྲིད་ཇུས་དོན་ཚན་བརྒྱད》ལག་བསྟར་བྱས་ཚུན། སྒོ་རྩིས་ཚོང་ཁང་གི་ཁྱིམ་སྤྱོད་གློག་ཆས་དང་འཚོ་བའི་མཁོ་ཆས་བྲིན་ཚད་རྒྱུན་ཆད་མེད་པར་མཐོ་རུ་ཕྱིན་ནས་སྒོ་རྩིས་ཚོང་ཁང་གི་ཁྱིམ་སྤྱོད་གློག་ཆས་ཕྱིར་ཚོང་བྱེད་ཚད་དུས་མཚུངས་ལས་བརྒྱ་ཆ་28ཡན་འཕར་བྱུང་ཞེས་བཤད།

《སྲིད་ཇུས་དོན་ཚན་བརྒྱད》ལག་བསྟར་བྱས་ནས་ཟླ་བ་གཉིས་སོང་ཚུན། ཁྱིམ་སྤྱོད་གློག་ཆས་དང་འཚོ་བའི་མཁོ་ཆས་ཀྱི་ཁྲོམ་ར་འཕེལ་རྒྱས་འགྲོ་རྒྱུར་སྐུལ་མ་ཆེན་པོ་ཐེབས་པ་དང་། ད་དུང་འབྲེལ་ཡོད་ཐོན་ལས་སྦྲེལ་ཐག་འཕེལ་རྒྱས་འགྲོ་རྒྱུར་སྐུལ་ཁྲིད་ཀྱང་ཐུབ་ཡོད། སྲིད་ཇུས་ཀྱི་སྐུལ་ལྕག་འོག་ཁེ་ལས་ཀྱིས་བརྟན་ཐོག་ཡར་འཕེལ་དང་སྤུས་ཚད་མཐོར་འདེགས། ཕན་འབྲས་མཐོར་གཏོང་བཅས་བྱས་ཤིང་། སྲིད་ཇུས་ཀྱི་རོགས་སྐྱོར་འོག་ཞིང་འབྲོག་པའི་ཐོན་སྐྱེད་ཀྱི་ལས་ཕྱོད་ཆེ་རུ་ཕྱིན་པ་དང་ཡོང་འབབ་མང་དུ་ཕྱིན་ནས། ཐོན་ལས་སྦྲེལ་ཐག་ཀྱིས་ཐུན་མོང་ཐོག་ལྷ་སའི་དཔལ་འབྱོར་དང་སྤྱི་ཚོགས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བཞིན་ཡོད།

(ཨོ་རྒྱན་ཚེ་རིང་གིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-08-13 6 6 拉萨日报藏文 c186078.html 1 གྲོང་མིར་ཕན་པ་ཐོབ་པ་དང་། ཁྲོམ་རར་གསོན་ཤུགས་འཕེལ་བ། དཔལ་འབྱོར་ལ་འདེགས་སྐྱོར་ཐོབ་པ། /enpproperty-->