分享按钮

ལྷ་སའི་ནང་འདྲེན་དངོས་ཟོག་ཚོང་འདུས་སྐབས་དང་པོར་དགའ་འོས་པའི་གྲུབ་འབྲས་ཐོབ་པ།

ཕྱིར་ཚོང་བྱས་པར་དངུལ་སྒོར་དུང་ཕྱུར་1.05ཟིན་པ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཉིན་ཤས་གོང་དུས་ཡུན་ཉིན་ལྔའི་ལྷ་སའི་ནང་འདྲེན་དངོས་ཟོག་ཚོང་འདུས་སྐབས་དང་པོ་ཕུན་སུམ་ཚོགས་པོའི་ངང་མཇུག་འགྲིལ་ནས་ཕྱིར་ཚོང་བྱས་པར་ཡོང་འབབ་སྒོར་དུང་ཕྱུར་1.05ཟིན་ཡོད་པ་རེད། སྐབས་འདིའི་ཚོང་འདུས་ནི་ལྷ་སས་ནང་འདྲེན་བརྗོད་དོན་གཙོ་བོར་བྱས་པའི་ཕྱོགས་བསྡུས་རྣམ་པའི་རྒྱལ་སྤྱིའི་ཚོང་འདུས་ཐོག་མ་དེ་ཡིན་པ་དང་། ལོ་བཅུ་ལྷག་ཙམ་རིང་བོད་ཀྱི་གཞི་ཁྱོན་ཆེ་ཤོས་ཀྱི་ནང་འདྲེན་ཚོང་འདུས་ཞིག་ཡིན་ལ་ཕྱི་རྒྱལ་གྱི་སྐུ་མགྲོན་བོད་དུ་ཡོང་མང་ཤོས་ཤིག་ཀྱང་ཡིན་པ་མ་ཟད།དངོས་ཟོག་ཚོང་འདུས་དང་ཚོང་དོན་གྲོས་མོལ་གྱི་འདུ་ཚོགས་གཟབ་རྒྱས་ཤིག་ཡིན་ལ་སྤེལ་རེས་མཉམ་ལས་དང་མཛའ་གྲོགས་ཟབ་ཏུ་གཏོང་བའི་སྟེགས་བུ་ཞིག་ཀྱང་ཡིན་པས་ལྷ་སས་ཨེ་ཤེ་ཡ་ལྷོ་མར་ཕྱོགས་པའི་སྒོ་དབྱེའི་ལྟེ་བའི་གྲོང་ཁྱེར་གཏོད་པ་དང་ཕྱི་ཕྱོགས་ཚོང་དོན་མགྱོགས་མྱུར་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་རྒྱུར་དོན་སྙིང་གལ་ཆེན་ལྡན་ཡོད།

ལྷ་སའི་ནང་འདྲེན་དངོས་ཟོག་ཚོང་འདུས་སྐབས་དང་པོ་དེ་ཟླ་8ཚེས་4ནས་ཚེས་8ཉིན་བར་བོད་ལྗོངས་འགྲེམས་ཚོགས་ལྟེ་གནས་ཀྱི་འགྲེམས་ཁང་2པར་གཉེར་པ་དང་ཁྱོན་བལ་ཡུལ་དང་། སེར་ཝེ་ཡ། མ་ལེ་ཞི་ཡ། ཐེ་ལན། མོང་གོལ་བཅས་བརྗོད་དོན་གཙོ་བོའི་འགྲེམས་སྟོན་ཁུལ་5དང་། ཕྱི་ཕྱོགས་ཚོང་དོན་ཕྱོགས་བསྡུས་ཞབས་ཞུ། ལྷ་སའི་ཅ་དངོས་ཡག་པོ་བཅས་ཀྱི་ཆེད་དོན་འགྲེམས་སྟོན་ཁུལ་2 རྒྱལ་སྤྱིའི་ཚད་ལྡན་འགྲེམས་གནས་279བཅས་བཀོད་སྒྲིག་བྱས་ཡོད་པར་མ་ཟད། ཁྱོན་འགྲེམས་ཁུལ་གྱི་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ་8000ཡོད་པ་རེད། རྒྱལ་ཁབ་31དང་དེ་བཞིན་ཤང་ཀང་།ཨའོ་མོན། ཐའེ་ཝན་ས་ཁུལ་ནས་ཡོང་བའི་ཁེ་ལས་246དང་ཚོང་པ་600ལྷག་ཙམ་ཚོང་འདུས་ཐོག་ཞུགས་པའི་ནང་ཕྱི་རྒྱལ་གྱི་མི་སྣ་220ཡོད་པ་རེད། ཚོང་འདུས་ཐོག་གི་ཚོང་ཟོག་ལ་བཟོ་རྩལ་ཐོན་རྫས་དང་། ཉེར་མཁོའི་ཐོན་རྫས། བཟའ་བཅའ་དང་བཏུང་བྱ། ཁྱིམ་སྤྱོད་མཁོ་ཆས། རིག་གནས་གསར་གཏོད་མཁོ་ཆས། རྒྱན་ཆ། གློག་རྡུལ་ཐོན་རྫས་སོགས་རིགས་1000ལྷག་ཙམ་ཡོད་པ་རེད། ཀོག་ཧྥེའི་ཚོང་པ་ཀྲང་ཝུའེ་ཡིས་ད་ཐེངས་ང་ཚོའི་ཀུང་སིས་གཙོ་བོ་ཀོག་ཧྥེ་རིགས་གསུམ་འཁྱེར་ནས་ཕྱིར་ཚོང་བྱེད་ཀྱི་ཡོད། ཀོག་ཧྥེ་ཡི་བྲོ་བ་ཧ་ཅང་ཞིམ་ལ་སྤུས་ཀ་དག་པོ་ཡོད་པས།བུད་མེད་ཚོས་དགའ་པོ་བྱེད་པའི་ཞག་ཚིལ་ཉུང་གཏོང་གིས་ལུས་གསོའི་ཐོན་རྫས་ཤིག་ཡིན་ཞེས་བཤད།

མ་ལེ་ཞི་ཡའི་ཚོང་པ་ཝང་ཙེ་ཡན་གྱིས་ད་ཐེངས་ཀྱི་ཚོང་འདུས་ནང་གདན་དྲངས་པར་ཧ་ཅང་དགའ་པོ་བྱུང་།ལྷ་སའི་འཛད་སྤྱོད་པའི་ཉོ་སྒྲུབ་ཀྱི་ནུས་པ་ཧ་ཅང་ཆེན་པོ་འདུག ང་ཚོས་འཁྱེར་ཡོང་བའི་མ་ལེ་ཞི་ཡའི་ཀོག་ཧྥེ་དང་འོ་ཇ་ལ་དགའ་པོ་བྱེད་ཀྱི་ཡོད་ཅིང་།བྲིན་ཁ་རྒྱུག་པོ་ཡོད་པས་ཧ་ཅང་དགའ་པོ་བྱུང་ཞེས་བཤད།

ཚོང་འདུས་ཐོག་མ་ལེ་ཞི་ཡའི་ཀོག་ཧྥེ་དང་། སེར་ཝེ་ཡའི་རས་སེ། བལ་ཡུལ་གྱི་སྲོལ་རྒྱུན་ལག་ཤེས་བཟོ་རྩལ་ཐོན་རྫས། ཐེ་ལན་གྱི་ཤ་གསོས་ཐོན་རྫས་སོགས་ཁྱད་ལྡན་ཐོན་རྫས་འབོར་ཆེན་འདུས་ཡོད་པས་འཛད་སྤྱོད་པས་གཅིག་འཐུས་རྣམ་པའི་ཐོག་ནས་རང་ཉིད་ཀྱིས་དགའ་པོ་བྱེད་པའི་ནང་འདྲེན་དངོས་ཚོང་འདེམས་ཉོ་བྱེད་རྒྱུ་ཡོད་པ་རེད། ཚོང་འདུས་ལ་ལྟ་སྐོར་བྱེད་པར་ཡོང་མཁན་གྲོང་མི་དང་ཡུལ་སྐོར་བའི་རྒྱུན་ཆད་རྒྱུ་མེད་ཅིང་།ཁག་གཅིག་གིས་སྤུས་དག་གི་མཛེས་ཆས་དང་། རྒྱན་ཆ།སྟོད་གཡོག་སོགས་ནན་ཏན་གྱིས་འདེམས་པ་དང་།ཁག་གཅིག་གིས་ས་གནས་ས་ཐོག་གི་སྐད་སྒྱུར་བ་བརྒྱུད་ཕྱི་རྒྱལ་གྱི་ཚོང་པ་དང་འབྲེལ་གཏུག་དང་སྤེལ་རེས་བྱས་ཏེ་ཞིམ་ཟས་སྣ་ཚོགས་ཀྱི་བྲོ་བ་མྱོང་བ་སོགས་བྱེད་ཀྱི་ཡོད་པ་རེད། ཡུལ་སྐོར་བ་ཀྲའོ་ཧྥ་ཅང་གིས་ལྷ་སར་སླེབས་མ་ཐག་ནང་འདྲེན་དངོས་ཟོག་གི་ཚོང་འདུས་ཞིག་ཡོད་པ་ཤེས་རྗེས་ངས་འཕྲལ་དུ་ཚོང་འདུས་ལ་ལྟ་བར་ཡོང་བ་ཡིན།ཚོང་འདུས་ཐོག་ཚོང་ཟོག་ཕུན་སུམ་ཚོགས་པོ་ཡོད་པར་མ་ཟད། རང་ཉིད་ཀྱི་དགའ་པོ་བྱེད་པའི་ཚོང་ཟོག་མང་པོ་ཡོད་པས་མི་ཉུང་བ་ཞིག་ཉོས་ཡོད་ཅེས་བཤད།

གྲོང་མི་བློ་བཟང་ཕུན་ཚོགས་ཀྱིས་ང་ཐེ་ལན་གྱི་ཚོང་ཟོག་ལ་ཧ་ཅང་དགའ་པོ་ཡོད།ཐེ་ལན་གྱི་སྐྲ་ཚོས་ཤིག་མཐོང་བྱུང་། ངས་ཉམས་ལེན་བྱས་པ་བརྒྱུད། ཕན་ནུས་ཡག་པོ་འདུག་པས་ལྷ་སའི་ཚོང་འདུས་སྔར་བས་ཡག་པོ་གཉེར་རྒྱུའི་རེ་བ་ཡོད་ཅེས་བཤད།

ཚོང་འདུས་ཐོག་ད་དུང་རྒྱ་བོད་དབྱིན་གསུམ་གྱི་སྐད་རིགས་ལ་བྱང་ཆུབ་པའི་སྐད་སྒྱུར་གཞོན་ནུ་དང་བླངས་པ་30བསྡུས་ཡོད་པ་དང་། ཁོང་ཚོ་ཚོང་འདུས་ཀྱི་ལྷུ་ཚིགས་ཁག་ནང་ཧུར་ཐག་ཞུགས་ནས་ཚོང་འདུས་ནང་ཞུགས་མཁན་ཚོང་པ་དང་འཛད་སྤྱོད་པས་ཚོང་འདུས་རིང་འབྲེལ་གཏུག་སྤེལ་རེས་ཀྱི་འགན་ལེན་བྱས་ཏེ་སྐབས་འདིའི་ཚོང་འདུས་ཀྱི་མཛེས་སྡུག་ལྡན་པའི་ཡུལ་ལྗོངས་ཀྱི་གྲས་ཤིག་ཏུ་གྱུར་ཡོད་པ་རེད། དང་བླངས་པ་སྒྲོལ་མ་ལྷ་སྐྱིད་ཀྱིས་ཚོང་འདུས་ཀྱི་འདུ་ཚོགས་ཐོག་དང་བླངས་པ་ཞིག་བྱ་རྒྱུ་བྱུང་བ་ནི་ཧ་ཅང་གཟི་བརྗིད་ལྡན་པ་ཞིག་ཡིན། ང་ཚོས་ས་གནས་ས་ཐོག་ཏུ་སྐད་བསྒྱུར་བྱས་ནས་ཚོང་འདུས་ནང་ཞུགས་མཁན་ཚོང་པར་ཚོང་ཟོག་ཕྱིར་ཚོང་བྱེད་རོགས་བྱས་པ་དང་དུས་མཚུངས་འཛད་སྤྱོད་པ་ཚོས་ཚོང་འདུས་ནང་ཞུགས་མཁན་གྱི་ཚོང་པ་དང་འབྲེལ་གཏུག་བྱས་ནས་ཐོན་རྫས་ཀྱི་འབྲེལ་ཡོད་ཆ་འཕྲིན་ཤེས་རྟོགས་བྱེད་རོགས་ཀྱང་བྱས་པ་དེ་ནི་ང་ལ་སྦྱོང་བརྡར་དང་ཧ་ཅང་ཐོབ་དཀའ་བའི་གོ་སྐབས་ཤིག་ཡིན་ཞེས་བཤད།

ལྷ་སའི་ནང་འདྲེན་བརྗོད་དོན་གཙོ་བོར་བྱས་པའི་ཚོང་འདུས་ཐོག་མ་དེ་ཡིན་པའི་ད་ཐེངས་ཀྱི་ཚོང་འདུས་ཀྱིས་རྒྱལ་ཁབ་ཁག་གི་ཚོང་པར་རང་ཉིད་ཀྱི་སྤུས་ལེགས་ཚོང་ཟོག་འགྲེམས་སྟོན་དང་ཁྲོམ་ར་རྒྱ་ཆེར་གཏོང་བའི་གོ་སྐབས་མཁོ་འདོན་བྱས་པར་མ་ཟད། རྒྱ་ཆེའི་འཛད་སྤྱོད་པས་སྒོ་འགྲམ་དུ་གོ་ལ་ཧྲིལ་པོའི་ཚོང་ཟོག་ཉོ་རྒྱུ་མངོན་འགྱུར་བྱུང་ནས་ལྷ་སའི་འཛད་སྤྱོད་པར་གདམ་ག་དེ་བས་མང་བ་བྱུང་ཡོད།

བསྡོམས་རྩིས་བྱས་པར་གཞིགས་ན།ལྷ་སའི་ནང་འདྲེན་དངོས་ཟོག་ཚོང་འདུས་རིང་ཚོང་འདུས་ལ་ལྟ་བར་ཡོང་མཁན་གྱི་འཛད་སྤྱོད་པ་མང་པོ་ཡོད་པ་དང་ཁྱོན་གྲོང་མི་དང་ཡུལ་སྐོར་བ་མི་ཐེངས་ཁྲི་25ཙམ་ལ་སྣེ་ལེན་ཞུས་པ་དང་། ཚོང་འདུས་རིང་ཕྱིར་ཚོང་བྱེད་ཚད་སྒོར་དུང་ཕྱུར་1.05ཟིན་ནས་རྒྱལ་ཁབ་ཕྱི་ནང་གི་ཁྲོམ་ར་མཉམ་འདྲེས་གཏིང་ཟབ་བྱ་རྒྱུར་སྐུལ་མ་ཐེབས་ཡོད་པ་རེད། གྲོང་ཁྱེར་ཚོང་དོན་ཅུས་ཕྱི་ཕྱོགས་དཔལ་འབྱོར་ཉོ་ཚོང་དོ་དམ་ཁོའོ་ཡི་ཁོའོ་ཀྲང་གཞོན་པ་ཀྲའོ་ཧན་ཚའེ་ཡིས་ད་ཐེངས་ཀྱི་ཚོང་འདུས་ཀྱི་ཕན་འབྲས་ང་ཚོའི་སྔོན་དཔག་ལས་ཆེས་ཆེར་བརྒལ་ཡོད། ཚོང་འདུས་ལེགས་གྲུབ་བྱུང་བ་དང་གྲོང་མི་གྲོགས་པོ་ཚོས་ལན་ཆ་ཡག་པོ་བྱུང་བ་དེས་ང་ཚོས་ཚོང་འདུས་དེ་རིགས་གཉེར་བ་དང་ཕྱི་ཕྱོགས་ཚོང་དོན་ནང་འདྲེན་གྱི་ལས་སྒོ་འཕེལ་རྒྱས་གཏོང་བའི་ཡིད་ཆེས་སྔར་བས་བརྟན་དུ་ཕྱིན་སོང་། རྗེས་མར་ང་ཚོས་ཚོང་འདུས་གཉེར་བའི་ཞབས་ཞུའི་ཆུ་ཚད་སྔར་བས་མཐོ་རུ་གཏོང་བ་དང་ཚོང་འགུག་འགྲེམས་སྟོན་གྱི་ཐབས་ལམ་རྒྱ་ཆེར་བཏང་ནས་ཕྱི་རྒྱལ་གྱི་ཐོན་རྫས་དེ་བས་མང་བ་ལྷ་སར་ནང་འདྲེན་བྱས་ཏེ་གྲོང་མིར་དངོས་ཟོག་ཉོ་སྒྲུབ་ཀྱི་གདམ་ག་དེ་བས་མང་བ་མཁོ་འདོན་བྱ་རྒྱུ་དང་ཆབས་ཅིག་ང་ཚོས་རྒྱལ་མཚམས་བརྒལ་བའི་གློག་རྡུལ་ཚོང་དོན་གྱི་སྒོ་ཁྲལ་འགན་སྲུང་གི་ནང་འདྲེན་ལས་སྒོར་སྐུལ་འདེད་ཧུར་ཐག་བཏང་ནས་གྲོང་མི་གྲོགས་པོ་ཚོས་དེ་བས་དམའ་བའི་དཔྱ་ཁྲལ་རྩ་ཆག་གཏོང་བའི་རིན་གོང་དང་ཉིན་གཉིས་པར་འབྱོར་བའི་དྲ་ཐོག་ནས་ཉོ་སྒྲུབ་བྱེད་པའི་མྱོང་ཚོར་ལོངས་སུ་སྤྱོད་ཐུབ་པ་བྱ་རྒྱུ་ཡིན་ཞེས་བཤད།

(སྟོབས་རྒྱལ་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-08-13 ཕྱིར་ཚོང་བྱས་པར་དངུལ་སྒོར་དུང་ཕྱུར་1.05ཟིན་པ། 6 6 拉萨日报藏文 c186074.html 1 ལྷ་སའི་ནང་འདྲེན་དངོས་ཟོག་ཚོང་འདུས་སྐབས་དང་པོར་དགའ་འོས་པའི་གྲུབ་འབྲས་ཐོབ་པ། /enpproperty-->