ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དང་སྲུང་སྐྱོང་ལས་དོན་ལ་སྐུལ་འདེད་བཏང་ནས།རང་སྐྱོང་ལྗོངས་ཀྱི་སྲོལ་རྒྱུན་བཟོ་རྩལ་མཛེས་རྩལ(མི་རིགས་ལག་ཤེས་བཟོ་ལས)ཐོན་ལས་ཁྱོན་ཡོངས་དང་། མཐུན་སྦྱོར། རྒྱུན་མཐུད་བཅས་ཀྱི་སྒོ་ནས་འཕེལ་རྒྱས་གཏོང་བའི་རྗེས་མཐུད་ཤེས་ལྡན་པའི་རྨང་གཞི་རྒྱུན་ཆད་མེད་པར་བརྟན་དུ་གཏོང་ཆེད། ཉེ་ཆར། བོད་རང་སྐྱོང་ལྗོངས་བཟོ་རྩལ་མཛེས་རྩལ་མཐུན་ཚོགས་ཀྱིས་གཙོ་གཉེར་བྱས་པའི“རྒྱུན་འཛིན་དང་གསར་གཏོད”ཅེས་པ་གཙོ་དུ་བྱས་པའི་བོད་རང་སྐྱོང་ལྗོངས་བཟོ་རྩལ་མཛེས་རྩལ་ལས་རིགས་ཀྱི་གཞོན་ནུའི་རྩལ་ནུས་ཤེས་ལྡན་པའི་རྩལ་ནུས་འགྲན་བསྡུར་ཆེ་མོ་སྐབས་དང་པོ་བོད་ལྗོངས་མཛེས་རྩལ་ཁང་དུ་འཚོགས་པ་རེད།
འགྲན་བསྡུར་བྱ་ཡུལ་དུ་ལྗོངས་ཡོངས་ནས་ཡོང་བའི་ལག་ཤེས་བཟོ་རྩལ་མཁས་ཅན་182ཀྱིས་མཉམ་དུ་འགྲན་བསྡུར་བྱས་པ་དང་།དེའི་ནང་རི་མོའི་བཟོ་རྩལ་དང་། ཡིག་གཟུགས། ཤོག་བརྐོས། སྟོད་གཞས། འཇིམ་བཟོ། རྫ་ཆས། འཁེལ་འཐག་སོགས་ལག་ཤེས་བཟོ་རྩལ་ཐོན་རྫས་ཚུད་ཡོད། འགྲན་བསྡུར་ནང་རྩལ་ནུས་འགྲན་བསྡུར་ཆེ་མོའི་ལག་རྩལ་གྱི་བླང་བྱ་དང་སྒྲིག་སྲོལ་གྱི་ཚད་གཞི་གཞིར་བཟུང་།བདམས་ཐོན་པས་ཆུ་ཚོད་3ནང་།བཟོ་རྩལ་ཐོན་རྫས་རིགས་མི་འདྲ་བའི་བརྗོད་གཞི་གཞིར་བཟུང་ནས་ས་གནས་ས་ཐོག་ཏུ་དངོས་སུ་རྩལ་ནུས་བཏོན་དགོས་པ་དང་།ཚང་མས་བློ་རྩེ་གཅིག་སྒྲིམ་གྱིས་རྩལ་ནུས་འགྲེམས་སྟོན་བྱེད་ཀྱི་ཡོད་པ་དང་།བརྒྱུད་རིམ་ཚང་མ་སྤུས་དག་དང་ཞིབ་ཚགས་ཡིན་པ་རེད།
གཞིས་ཀ་རྩེའི་ལག་ཤེས་བཟོ་རྩལ་མཁས་ཅན་བསམ་གྲུབ་ཀྱིས་དེ་རིང་འཁྱེར་ཡོང་བའི་བརྩམས་ཆོས་ནི་ང་ཚོའི་ཁྱིམ་ཚང་གི་མི་རབས་དྲུག་ནས་རྒྱུན་འཛིན་བྱས་པའི་སྲོལ་རྒྱུན་གྱི་ལྷམ་ཡུ་རིང་ཞིག་ཡིན་པ་དང་།ལྷམ་ཡུ་རིང་ནི་རང་སྐྱོང་ལྗོངས་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་མིང་ཐོའི་ནང་བདམས་ཡོད། ད་ཐེངས་ཀྱི་བཟོ་རྩལ་བུམ་པའི་འགྲན་བསྡུར་ནང་གྲུབ་འབྲས་ཡག་པོ་ཐོབ་རྒྱུའི་རེ་བ་ཡོད། ང་རང་ཉིད་ལའང་ཡིད་ཆེས་ཆེན་པོ་ཡོད་ཅེས་བཤད།
སྙེ་མོ་རྫོང་གི་ལག་ཤེས་བཟོ་རྩལ་མཁས་ཅན་བསྟན་འཛིན་རྣམ་རྒྱལ་གྱིས།ང་ཚོ་སྙེ་མོ་རྫོང་ཕུ་གསུམ་ཤང་ལ་བརྐོས་རིས་ཀྱི་ཕ་ཡུལ་ཞེས་བརྗོད་ཀྱི་ཡོད།བརྐོས་རིས་ཀྱི་ལོ་རྒྱུས་ཡུན་རིང་ལྡན་པ་དང་ཕུ་གསུམ་ཤང་གི་མང་ཚོགས་ཀྱིས་མི་རབས་ནས་མི་རབས་བར་རྒྱུན་འཛིན་བྱས་པའི་གནའ་བོའི་ལག་རྩལ་ཞིག་ཡིན། བརྐོས་རིས་ཀྱི་རྣམ་པ་སྣ་མང་ལ་བེད་སྤྱོད་རྒྱ་ཁྱབ་ཡོད། ད་ཐེངས་ཀྱི་བཟོ་རྩལ་བུམ་པའི་འགྲན་བསྡུར་ནང་ངའི་བརྩམས་ཆོས་ནི་ཤིང་ལས་བརྐོས་པའི་ཐོན་མི་སམ་བྷོ་ཊ་ཡིན་པས། གྲུབ་འབྲས་ཡག་པོ་ཐོབ་རྒྱུའི་རེ་བ་ཡོད་ཅེས་བཤད།
ད་ཐེངས་ཀྱི་འགྲན་བསྡུར་ཆེ་མོའི་དམིགས་ཡུལ་ནི་བློ་རྩེ་གཅིག་ཏུ་གཞོལ་བ་དང་། ཡག་ཐོག་ཡག་བརྩེགས། སླ་བཅོས་སྤུ་ཙམ་ཡང་མི་བྱེད་པ།ཕུལ་བྱུང་དོན་གཉེར་བཅས་ཀྱི་བཟོ་བོའི་སྙིང་སྟོབས་དར་སྤེལ་ཤུགས་ཆེན་གཏོང་བ་དང་། ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དང་སྲུང་སྐྱོང་ལས་དོན་ལ་སྐུལ་འདེད་ནུས་ལྡན་གཏོང་བ། རྒྱ་ཆེའི་རྩལ་ནུས་ཤེས་ལྡན་མི་སྣ་དར་མ་དང་གཞོན་ནུ་ཕན་ཚུན་སློབ་སྦྱོང་དང་། ཕན་ཚུན་དཔྱད་གཞིར་འཛིན་པ། ཐུན་མོང་དར་རྒྱས། ཐུན་མོང་ཡར་ཐོན། བྱས་རྗེས་འཇོག་པའི་གར་སྟེགས་ཆེན་པོ་གཏོད་རྒྱུ་བཅས་དང་། དེ་བཞིན་ས་མཐོའི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་སྒུལ་ཤུགས་འབྱུང་ཁུངས་སྟོབས་ཆེན་དང་རང་འགུལ་ངང་མཉམ་འདྲེས་བྱ་རྒྱུ་དེ་ཡིན།
(ལྷག་པ་ཚེ་རིང་གིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社