(པར་ངོས་དང་པོར་མཐུད)2012ལོར་རྒྱ་མ་ཤང་དུ་རྒྱ་མའི་གཞས་ཆེན་སྒྱུ་རྩལ་རུ་ཁག་བཙུགས་པ་རེད། ལོ་ཤས་རིང་འབད་བརྩོན་བྱས་པ་བརྒྱུད། 2014ལོར་རྒྱ་མའི་གཞས་ཆེན་དེ་རང་སྐྱོང་ལྗོངས་ཀྱི་མངོན་མིན་རིག་གནས་ཤུལ་བཞག་གི་རྣམ་གྲངས་ནང་བཅུག་པ་དང་། དུས་མཚུངས་སུ་སྤྱི་ཚོགས་ལས་རིགས་ཁག་གི་དོ་ཁུར་དེ་བས་མང་བ་ཐོབ་ཡོད།
ལོ་ཤས་རིང་གི་རྒྱ་མའི་གཞས་ཆེན་གྱི་རྒྱུན་འཛིན་དང་འཕེལ་རྒྱས་སྐོར་གླེང་བའི་སྐབས་སུ། ས་གནས་དེ་གའི་གྲོང་མི་རྡོ་རྗེ་སྟེ་རྒྱ་མའི་གཞས་ཆེན་གྱི་རང་སྐྱོང་ལྗོངས་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་རྒྱུན་འཛིན་པ་ཁོང་མི་གླེང་ཀ་མེད་རེད། ཁོང་གི་སྒྲིག་འཛུགས་དང་སྣེ་ཁྲིད་འོག 2012ལོའི་ལོ་མཇུག་ཏུ་མི་14ལས་མེད་པའི་ལས་ཞོར་གྱི་དམངས་ཁྲོད་སྒྱུ་རྩལ་རུ་ཁག་ཅིག་བཙུགས་པ་རེད། ཁོངས་མི་འདི་དག་ཚང་མས་རང་མོས་ངང་རྒྱ་མའི་གཞས་ཆེན་ལ་སློབ་སྦྱོང་བྱས་པ་དང། རྡོ་རྗེས་ཕྱོགས་མང་པོའི་ཐད་འབད་བརྩོན་བྱས་པར་བརྟེན་རྒྱུན་ཆད་ལ་ཉེ་བའི་མཆོག་གྱུར་རིག་གནས་འདི་ཉིད་ལ་སྔར་བྱུང་མྱོང་མེད་པའི་གསོན་ཤུགས་རྒྱས་ཏེ་སླར་ཡང་ཉམས་འགྱུར་གང་ལེཊ་མངོན་ཡོད།
ཉེ་བའི་ལོ་ཤས་རིང་ལ། རྡོ་རྗེ་ལྷ་སར་གནས་སྤོས་པས་རྒྱ་མའི་གཞས་ཆེན་རྒྱུན་འཛིན་གྱི་འགན་འཁྲི་དེ་ཡུལ་མི་ཕུར་བུ་སྒྲོལ་མ་དང་ཕུར་བུ་བསྟན་འཛིན་གྱི་ཕྲག་ཏུ་བབས་པ་རེད།
ད་ལོར་ལོ་47ལ་སླེབས་པའི་ཕུར་བུ་སྒྲོལ་མ་ནི་རྒྱ་མའི་གཞས་ཆེན་དམངས་ཁྲོད་སྒྱུ་རྩལ་ཚོགས་པའི་འགན་འཁུར་བ་ཞིག་རེད། ཞིང་དལ་གྱི་སྐབས་སུ། ཁོང་དང་ཕུར་བུ་བསྟན་འཛིན་གཉིས་ཀྱིས་སྒྱུ་རྩལ་རུ་ཁག་གི་ཁོངས་མི་རྣམས་མཉམ་དུ་བསྡུས་ནས་ཧོར་ཁང་གཞིས་ཀའི་གར་སྟེགས་ཐོག་རྒྱ་མའི་གཞས་ཆེན་ནང་སྦྱོང་བྱེད་ཀྱིན་ཡོད།
རྒྱ་མ་ཤང་གི་ལས་དོན་པ་བདེ་སྐྱིད་སྒྲོལ་དཀར་གྱིས་ད་ཆ་རུ་ཁག་དེར་ཁོངས་མི་20ལྷག་ཙམ་ཡོད་པ་དང་། ཁོང་ཚོ་ཚང་མ་ནི་ས་གནས་དེ་གའི་མང་ཚོགས་ཡིན། སྒྱུ་རྩལ་རུ་ཁག་དེ་དུས་རྒྱུན་དུ་མཚན་ཚོགས་ཆེ་ཆུང་སྣ་ཚོགས་དང་། དུས་ཆེན་གལ་ཆེའི་འཁྲབ་སྟོན། ལྗོངས་ཕྱི་ནང་དུ་མངོན་མེད་རིག་གནས་ཤུལ་བཞག་འགྲེམས་སྟོན་སོགས་ལ་གདན་འདྲེན་ཞུས་ཡོད་པས། དེའི་ཤུགས་རྐྱེན་དང་བརྒྱུད་སྤེལ་གྱི་ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་པ་དང་། ལྷག་པར་དུ་རྒྱ་མའི་གཞས་ཆེན་གྱི《འཆམ་མཐུན་གྱི་ལམ་བུ》ཞེས་པར་གཟིགས་མོ་བས་དགའ་བསུ་ཚད་མེད་ཐོབ་ཡོད་ཅེས་བཤད་པ་རེད།
ཁྲི་ཁང་གྲོང་ཚོའི་ཧོར་ཁང་གཞིས་ཀ་ནི་རང་ལྗོངས་ཀྱི་མིག་སྔར་ཉར་ཚགས་ཅུང་ལེགས་པའི་གཞིས་ཀའི་གྲས་ཤིག་ཡིན། མལ་གྲོ་གུང་དཀར་རྫོང་ཏང་ཨུད་དང་རྫོང་སྲིད་གཞུང་གི་རྒྱབ་སྐྱོར་ཤུགས་ཆེན་འོག ཧོར་ཁང་གཞིས་ཀའི་གར་སྟེགས་རྙིང་པ་དེ་རྒྱ་མའི་གཞས་ཆེན་ནང་སྦྱོང་བྱེད་པར་སྤྱོད་ཆོག་པ་དང་། གར་སྟེགས་རྙིང་པ་དེའི་འགྲམ་གྱི་ཁང་པ་དེ་འཁྲབ་ཆས་འཇོག་ས་དང་མངོན་མིན་རིག་གནས་ཤུལ་བཞག་དྲིལ་བསྒྲགས་དང་འགྲེམས་སྟོན་བྱེད་པར་སྤྱོད་ཆོག་གི་ཡོད་པ་རེད། ཕུར་བུ་བསྟན་འཛིན་གྱིས་ལོ་ངོ་1000ལྷག་ཙམ་གྱི་ལོ་རྒྱུས་ལྡན་པའི་རྒྱ་མའི་གཞས་ཆེན་དེ་གྲོང་ཚོའི་ནང་གི་མི་རྣམས་ཀྱིས་མི་རབས་ནས་མི་རབས་བར་འཁྲབ་སྟོན་བྱས་པ་རེད། གནའ་བོའི་ཁང་པའི་ནང་ནང་སྦྱོང་བྱེད་པའམ་ཡང་ན་བག་ཕེབས་པའི་སྒོ་ནས་འཁྲབ་སྟོན་བྱེད་དུས་དང་། ལྷམ་གྱི་བྲག་ཅ་ལྷང་ལྷང་དུ་གྲགས་སྐབས་རྒྱུན་འཛིན་གྱི་འགན་འཁྲི་དེ་བས་ལྕི་པོ་ཞིག་ཡོད་པའི་སྣང་བ་བྱུང་ཞེས་དང་། རྒྱ་མའི་གཞས་ཆེན་དེ་མི་རྣམས་ཀྱི་སེམས་སུ་བརྟན་པོར་ངེས་པར་མ་ཟད། དངོས་ཡོད་འཚོ་བའི་ནང་འཚོ་ཐུབ་པར་བྱ་རྒྱུ་དང་། ལོ་རྒྱུས་ཀྱི་དཔྱད་གཞིའི་ཡིག་རིགས་ནང་ཡོད་པར་མ་ཟད། གར་སྟེགས་ཐོག་དེ་བས་ཀྱང་མངོན་དགོས་པས། འབད་བརྩོན་གང་འདྲ་བྱེད་དགོས་ཀྱང་བྱེད་རིན་ཡོད་པ་ཞིག་རེད་ཅེས་བཤད།
འཁྲབ་སྟོན་བྱེད་འགོ་ཚུགས་རྗེས། གར་སྟེགས་ཐོག་ནས་སྐད་གདངས་དམའ་བའི་སྙན་པའི་གླུ་སྒྲ་གྲགས་ཤིང་། སྐྱེས་པ་ཚོས་གཞས་ཆེན་གྱི་ལྭ་བ་ཐུང་གྲས་ཤིག་དང་སྒོར་དབྱིབས་ཅན་གྱི་ཁུ་ལུའི་ཞྭ་མོ་སེར་པོ་ཞིག་གྱོན་ཡོད། བུད་མེད་ཚོས་ཚོན་ཁྲ་ཅན་གྱི་གོས་ཆེན་གྱི་ལྭ་བ་ཞིག་གྱོན་ཡོད་ལ། གཞུ་དབྱིབས་སམ་ཟུར་གསུམ་ཅན་གྱི་མགོ་རྒྱན་སྤྲས་ཡོད། གླུ་གདངས་དལ་ཞིང་གཅིག་འཇགས་གཅིག་ལངས་ཀྱི་རྣམ་པས་ཁེངས་བ་སྟེ། སྐབས་རེར་གླུ་གདངས་དམའ་ཞིང་བརྗིད་ཉམས་ལྡན་ལ། སྐབས་རེར་གླུ་སྐད་མཐོ་ཞིང་རིང་བ་ཡོད། སྐྱེས་པ་ཚོའི་ཞབས་བྲོའི་སྟངས་སྟབས་སྤྲོ་སེམས་འཁོལ་ཞིང་བག་ཕེབས་ཁོངས་ཡངས་དང་། བུད་མེད་ཚོའི་ཞབས་བྲོའི་སྟངས་སྟབས་ཞིབ་ཚགས་ཅིང་འཇམ་ཤ་ལྡན་པ་ཞིག་རེད།
ཞིང་པ་ཡིན་པའི་དམངས་ཁྲོད་འཁྲབ་སྟོན་པ་དེ་དག་གིས་དེ་སྔ་ཡངས་ཤིང་རྒྱ་ཆེ་བའི་རྩྭ་ཐང་ཐོག་ཞབས་བྲོ་འཁྲབ་པ་དང་། ད་ཆ་གློག་འོད་རབ་ཏུ་འཚེར་བའི་གར་སྟེགས་ཐོག་སླེབས་སྐབས། རུ་ཁག་གི་བཟོ་ལྟ་དང་། འགྲོས་ཚད། གྲལ་འགྲིག་ཚད་བཅས་ལ་དང་དོད་བྱེད་ཀྱི་ཡོད་མོད། འོན་ཀྱང་རང་ཉིད་ཀྱི་ཁྱད་ཆོས་དེ་སོར་འཇོག་བྱེད་དགོས་པ་སྟེ། དེ་ནི་གདོད་མའི་རང་བཞིན་དེ་ཡིན་ལ། ཁོང་ཚོའི་བབ་ཆགས་ཀྱི་མིག་མདངས་དང་སེམས་གཏིང་ནས་མངོན་པའི་འཚོ་བའི་སྤྲོ་སེམས་དང་འཛུམ་མདངས་དེ་ཡང་ཡིན། ཕུར་བུ་སྒྲོལ་མས་ང་ཚོས་གར་སྟེགས་ཐོག་འཁྲབ་སྟོན་བྱེད་དུས་རྒྱ་མའི་གཞས་ཆེན་ལ་བཅོས་སྒྲིག་ཅུང་ཟད་བྱས་པ་སྟེ། དཔེར་ན། རྩྭ་ཐང་ཐོག་འཁྲབ་དུས་ང་ཚོས་རྒྱུན་དུ་སྒོར་སྒོར་ཅིག་བྱས་ནས་གླུ་ལེན་གིན་དུ་འཁྲབ་ཀྱིན་ཡོད། འོན་ཀྱང་གར་སྟེགས་ཐོག་འཁྲབ་དུས་ང་ཚོས་ལྟད་མོ་བར་ཁ་ཕྱོགས་ནས་འཁྲབ་སྟོན་བྱེད་ཀྱིན་ཡོད་ཅེས་བཤད།
ད་ཆ་མལ་གྲོ་གུང་དཀར་རྫོང་ཨུད་དང་རྫོང་སྲིད་གཞུང་གི་ཁྲིད་སྟོན་དང་རྒྱབ་སྐྱོར་བྱེད་པ་དང་། ས་གནས་དེ་གའི་ཡུལ་མིའི་འབད་བརྩོན་ལ་བརྟེན་ནས་རྒྱ་མའི་གཞས་ཆེན་དེ་ལྗོངས་ཕྱི་ནང་གི་གར་སྟེགས་ཆེ་ཆུང་གང་སར་འཁྲབ་སྟོན་བྱས་པ་དང་། འདིས་གནའ་བོའི་མངོན་མིན་ཤུལ་བཞག་དེའི་འོད་སྣང་སྔར་བས་འཚེར་བར་བྱས་པར་མ་ཟད། རྒྱ་མ་ཤང་རེ་བའི་སློབ་ཆུང་གི་སློབ་མ་ཚོས་ཀྱང་སྒྱུ་རྩལ་རུ་ཁག་ཅིག་བཙུགས་ནས་རྒྱ་མའི་གཞས་ཆེན་ཆ་ཚང་བའི་སྒོ་ནས་འཁྲབ་སྟོན་བྱེད་ཐུབ་ཀྱི་ཡོད་པས། མི་རྣམས་ལ་མངོན་མིན་ཤུལ་བཞག་ལ་རྒྱུན་འཛིན་པ་ཡོད་པ་མཐོང་ཐུབ་པར་བྱས་ཡོད།
(པདྨ་རྒྱལ་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社