分享按钮

《ལྷ་སའི་སྲིད་དོན་བགྲོ་གླེང》ལེ་ཚན་གྱི་དུས་ཐེངས་38པ་བསྟན་པ།

འགྲིམ་འགྲུལ་གྱི་མ་ལག་བཅོས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་དགོས།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ།ཟླ་8ཚེས་8ཉིན་གྱི་དགོང་མོར།ཀུན་གྱིས་དོ་སྣང་བྱེད་པའི《ལྷ་སའི་སྲིད་དོན་བགྲོ་གླེང》ལེ་ཚན་གྱི་དུས་ཐེངས་38པ་བསྟན་ཞིང་།ཐེངས་འདིའི་ལེ་ཚན་གྱི་ནང་དོན་གཙོ་བོ་ནི་གྲོང་ཁྱེར་འགྲིམ་འགྲུལ་བཅོས་སྐྱོང་གི་དཀའ་གནད་ཆེན་པོ་གཉིས་ཏེ།འགྲིམ་འགྲུལ་བརྡ་རྟགས་གློག་སྒྲོན་ལེགས་སུ་གཏོང་བ་དང་ཁྲོམ་ལམ་རྒྱབ་ཀྱི་སྲང་ལམ་གྱི་འགྲིམ་འགྲུལ་སྒྲིག་ལམ་ལེགས་སུ་གཏོང་བ་གཉིས་ལ་དམིགས་ཡོད།ལེ་ཚན་ནང་གྲོང་ཁྱེར་སྤྱི་བདེ་ཅུས་འགྲིམ་འགྲུལ་ཉེན་རྟོག་ཉིང་ལག་རུ་ཁག་དང་།ཀརྨ་དགོན་གསར་ཁྲོམ་གཞུང་དོན་གཅོད་ཁང་།ཞི་མཐུན་སྡེ་ཁུལ་གྲོང་མི་ཨུ་ལྷན།སྐྱིད་ཆུ་གཞུང་སྡེ་ཁུལ་གྲོང་མི་ཨུ་ལྷན་སོཊ་ཚན་པའི་འགན་འཁུར་བ་གདན་འདྲེན་ཞུས་ནས་ཡུལ་དངོས་སུ་སྲིད་དོན་འདྲི་རྩད་དང་ལེན་བྱས་པ་རེད།

ལེ་ཚན་འགོ་ཚུགས་མ་ཐག་བརྟག་དཔྱད་བརྙན་ཐུང་བརྒྱུད་འགྲིམ་འགྲུལ་བརྡ་རྟགས་གློག་སྒྲོན་བཀོད་སྒྲིག་ལུགས་མཐུན་མིན་པའི་དབང་གིས་མི་དང་རླངས་འཁོར་མཉམ་འདྲེས་ཟང་ཟིང་གི་སྣང་ཚུལ་བྱུང་བ་དང་།དེ་བཞིན་ཁྲོམ་གཞུང་རྒྱབ་ཀྱི་སྲང་ལམ་གྱི་འཆར་འགོད་རྗེས་ལུས་ཡིན་པ་དང་།འགྲོ་ལམ་གུ་དོག་པ།རླངས་འཁོར་ལ་དོ་དམ་བྱེད་སྟངས་མི་འདང་བ་བཅས་ཀྱི་དབང་གིས་འགྲིམ་འགྲུལ་འགག་པའི་གནད་དོན་ཡང་ཡང་ཐོན་པ་སོགས་ཀྱི་གནད་དོན་ལ་བརྟག་དཔྱད་བྱས་པ་རེད།བརྙན་ཐུང་དེ་དག་མེ་ལོང་ཞིག་དང་འདྲ་བར་གྲོང་ཁྱེར་དོ་དམ་ཁྲོད་འཕྲལ་དུ་ཐག་གཅོད་བྱེད་དགོས་པའི་འགག་གནད་དང་དཀའ་གནད་མངོན་པ་དང་།སྐད་ཅིག་ཉིད་དུ་ཚོགས་ར་ཡོངས་ཀྱི་ལྟད་མོ་བ་ཚོའི་ཡིད་དབང་བཀུག་པར་མ་ཟད།རྒྱ་ཆེའི་གྲོང་མིས་ཕྱིར་སྐྱོད་ཁོར་ཡུག་ལེགས་སུ་གཏོང་རྒྱུའི་ཐད་ཀྱི་རེ་སྒུག་ཟབ་མོ་ཡང་མཚོན་ཡོད།

དེའི་རྗེས་སུ་སྲིད་དོན་འདྲི་རྩད་ཀྱི་ལྷུ་ཚིགས་ཛ་དྲག་ངང་སྤེལ་བ་རེད།སྲིད་དོན་འདྲི་རྩད་པས་བརྙན་ཐུང་གི་ནང་དོན་དང་སྨྱན་སྦྱོར་གསར་པའི་ལས་སྟེགས་ཐོག་དྲ་དམངས་ཀྱི་གླེང་མང་བའི་གླེང་གཞི་དང་ཟུང་འབྲེལ་བྱས་ཏེ་སྲིད་དོན་འདྲི་རྩད་བྱ་ཡུལ་ཚན་པའི་འགན་འཁུར་བློ་མཐུན་ལ་ལས་ཀའི་འཕེལ་རིམ་དང་།ལྟ་སྐུལ་དོ་དམ་གྱི་ལམ་སྲོལ།ལེགས་བཅོས་བྱེད་ཐབས་བཅས་འདྲི་རྩད་བྱས་ནས་འགྲིམ་འགྲུལ་བརྡ་རྟགས་གློག་སྒྲོན་དང་ཁྲོམ་ལམ་རྒྱབ་ཀྱི་སྲང་ལམ་གྱི་འགྲིམ་འགྲུལ་བཅོས་སྐྱོང་སྐོར་གྱི་གཏིང་ཟབ་པའི་རྒྱུ་རྐྱེན་དང་།ཤུགས་རྐྱེན་ཁྱབ་ཁོངས།མི་མངོན་པའི་ཐག་གཅོད་ཇུས་གཞི་བཅས་སྔོག་འདོན་གཏིང་ཟབ་བྱས་པ་རེད།གཙོ་སྐྱོང་པས་དྲི་བ་ཡང་ཡང་བཏོན་པས་ཚན་པ་ཁག་གི་འགན་འཁུར་བས་ཚད་མཐོའི་འགན་འཁྲི་འཁུར་སེམས་དང་ལས་འགན་སྒྲུབ་སེམས་མངོན་ཡོད།ཁོང་ཚོས་གནད་དོན་བརྒྱུད་ནས་ལས་དོན་ལ་བསམ་ཞིབ་དང་འབྱུང་རྩར་དབྱེ་ཞིབ་བྱས་ཏེ་མིག་སྔར་སྤྱད་ཟིན་པའི་བཅོས་སྐྱོང་བྱེད་ཐབས་དང་གནས་པའི་དཀའ་ངལ་དངོས་རྒྱས་བཤད་ཞིབ་ཕྲ་བྱས་པ་དང་།ད་དུང་མ་དངུལ་གཏོང་ཤུགས་ཆེ་རུ་གཏོང་བ་དང་།ལམ་སྲོལ་འཐུས་ཚང་དུ་གཏོང་བ།ལྟ་སྐུལ་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ནས་གྲོང་ཁྱེར་གྱི་འགྲིམ་འགྲུལ་བརྡ་རྟགས་གློག་སྒྲོན་ལེགས་སུ་གཏོང་བ་དང་ཁྲོམ་ལམ་རྒྱབ་ཀྱི་སྲང་ལམ་ཆུང་ཆུང་གི་འགྲིམ་འགྲུལ་བཅོས་སྐྱོང་ལས་དོན་ལ་ཕན་འབྲས་དངོས་ཐོན་རྒྱུའི་ཁས་ལེན་བྱས་པ་རེད།

ཟླ་བ་དང་ཧན་ཡུན་ཧྲན་དེ་བཞིན་གྲོང་ཨུད་ཀུན་སྤྱོད་གཞུང་དོན་ཁང་གི་འགན་འཁུར་བློ་མཐུན་ཚོས་མཉམ་དུ《ལྷ་སའི་སྲིད་དོན་བགྲོ་གླེང》ལེ་ཚན་ལ་གཟིགས་པ་རེད།

(བུ་ཆུང་གིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-08-12 《ལྷ་སའི་སྲིད་དོན་བགྲོ་གླེང》ལེ་ཚན་གྱི་དུས་ཐེངས་38པ་བསྟན་པ། 6 6 拉萨日报藏文 c187432.html 1 འགྲིམ་འགྲུལ་གྱི་མ་ལག་བཅོས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་དགོས། /enpproperty-->