ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ།ཟླ་8ཚེས་10ཉིན། ལས་རིགས་ཀྱིས་འབྱུང་འགྱུར་ལ་སྣེ་ཁྲིད་དང་ལང་ཚོའི་ཕུགས་འདུན་གཏོད་ཅེས་པ་གཙོ་དོན་དུ་བྱས་པའི་2024ལོའི་ལྷ་ས་གྲོང་ཁྱེར་ཤེས་ལྡན་པའི་གཟའ་འཁོར་གྱི་ཆེད་དོན་གདན་ཞུའི་འདུ་ཚོགས་བོད་ལྗོངས་འགྲེམས་ཚོགས་ལྟེ་གནས་ཐང་ཆེན་དུ་གཉེར་ནས་ལས་ཀ་འཚོལ་མཁན་མང་པོ་ཞིག་བློ་འདྲི་དང་གདན་ཞུའི་ནང་ཞུགས་རྒྱུར་ཡིད་དབང་བཀུག་པ་རེད།
ད་ཐེངས་ཀྱི་གདན་ཞུའི་འདུ་ཚོགས་དེ་ལྷ་ས་གྲོང་ཨུད་རྩ་འཛུགས་པུའུ་ཡིས་གྲོང་ཁྱེར་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཅུས་དང་མཉམ་འབྲེལ་བྱས་ནས་དྲ་ཐོག་དང་དྲ་ཕྱི་ནས་དུས་གཅིག་ཏུ་གཉེར་བ་དང་།གཙོ་བོ་སྐྱེ་ཁུངས་ལྷ་ས་ནས་ཡིན་པའི་2024ལོའི་སློབ་ཆེན་ཐོན་པའི་སློབ་མ་དང་དེ་སྔ་ལས་ཞུགས་ཐུབ་མེད་པའི་མཐོ་ཆེན་ཐོན་པའི་སློབ་མ་དང་།དམག་ཞབས་ཐིམ་པའི་དམག་མི།ཞིང་འབྲོག་པ།གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་ཤོར་མི་སྣ།དེ་བཞིན་ངལ་རྩོལ་པ་སྣ་ཚོགས་བཅས་ལ་ཁ་ཕྱོགས་ཡོད།ཡུལ་དངོས་སུ་ལྗོངས་ཕྱི་ནང་གི་ཁེ་ལས་སྣ་ཚོགས་100ཡོད་པ་དང་ལས་ཞུགས་ལས་གནས་1064མཁོ་འདོན་བྱས་ཡོད་པ་དེའི་ནང་སྨྱན་སྦྱོར་གསར་པའི་གཉེར་སྐྱོང་དང་།རྩིས་འཁོར།རྩིས་པ།ཕྱིར་ཚོང་།དྲུང་ཡིག་སོགས་ལས་གནས་སྣ་ཚོགས་ཚུད་ཡོད་པ་རེད།
ཀྲུང་ཤིན་དངུལ་ཁང་ཡིད་རྟོན་བྱང་བུའི་ལྟེ་གནས་ལྷ་ས་ཡན་ལག་ལྟེ་གནས་ཀྱི་ལས་དོན་པ་ལི་ལུའོ་ཀྲུའུ་ཡིས་ད་ཐེངས་ང་ཚོས་ཁྱོན་ལས་གནས་4མཁོ་འདོན་བྱས་པའི་ནང་གདན་ཞུའི་དགོས་མཁོ་མང་ཤོས་ནི་སྐུ་མགྲོན་ཅིང་ལིའི་ལས་གནས་ཡིན་པར་མ་ཟད།ད་དུང་སྐུ་མགྲོན་གཙོ་གཉེར་ལས་གནས་དང་།སྒྲིག་སྲོལ་དང་མཐུན་པའི་འཛད་སྤྱོད་འགན་སྲུང་ལས་གནས།སྐུ་མགྲོན་ཅིང་ལིའི་ལས་གནས་ངོ་མ་བཅས་ལས་གནས་ངོ་མ་གསུམ་ཡོད་ཅེས་བཤད།
ཡུལ་དངོས་སུ་མི་ཚོགས་ཀྱིས་ཁེངས་ནས་ལས་ཀ་འཚོལ་མཁན་གྱིས་མི་སྤྱོད་ཚན་པ་དང་གདན་ཞུའི་ལས་གནས་ཁག་དང་བསྡུར་བ་བྱས་ཏེ་གདན་ཞུའི་ཚན་པར་ལས་ཀ་འཚོལ་བའི་ལོ་རྒྱུས་མདོར་བསྡུས་ཧུར་ཐག་སྤྲད་ཡོད།གདན་ཞུའི་ཚན་པའི་ལས་དོན་པས་སེམས་རྩ་འཁོལ་བའི་ངང་ལས་གནས་ཀྱི་འགན་འཁྲི་དང་།གླ་ཕོགས།གོ་གནས་འཕར་བའི་བར་མཐོངས་སོགས་ལས་ཀ་འཚོལ་མཁན་གྱིས་དོ་ཁུར་བྱེད་པའི་གནད་དོན་ལ་ལན་བཏབ་ཡོད་པ་རེད།
ལས་ཀ་འཚོལ་མཁན་བསྟན་འཛིན་དབང་མོས་ང་ནི་ལོ་འདིའི་སློབ་ཆེན་ཐོན་པའི་སློབ་མ་ཡིན།ངས་སྦྱངས་པའི་ཆེད་ལས་ནི་ནོར་དོན་དོ་དམ་ཡིན།ད་ལྟ་ཡུལ་དངོས་སུ་རང་གིས་དགའ་པོ་བྱེད་པའི་ལས་གནས་འགའ་མཐོང་བྱུང་།ལོ་རྒྱུས་མདོར་བསྡུས་མང་ཙམ་འབུལ་རྩིས་ཡོད།བདེ་བླག་ངང་ལས་གནས་ཐོག་གདན་ཞུ་ཐུབ་རྒྱུའི་རེ་བ་བྱེད་ཀྱི་ཡོད་ཅེས་བཤད།
ལས་ཀ་འཚོལ་མཁན་ཕུར་བུ་བཀྲ་ཤིས་ཀྱིས་ང་ན་ནིང་སློབ་གྲྭ་ཐོན་པ་ཡིན།སྐད་འཕྲིན་སྤྱི་སྟེགས་བརྒྱུད་གནད་ཞུའི་འདུ་ཚོགས་གཉེར་རྒྱུ་ཡིན་པ་ཤེས་རྟོགས་བྱུང་ནས་དགའ་པོ་བྱེད་པའི་ལས་གནས་ཡོད་མེད་ལ་ལྟ་རུ་ཡོང་བ་ཡིན།ངའི་བསམ་པར་ད་ཐེངས་ཀྱི་ལས་ཞུགས་གདན་ཞུའི་འདུ་ཚོགས་ཐོག་ང་ཚོས་གདམ་ག་བྱ་རྒྱུའི་ལས་རིགས་ཧ་ཅང་མང་པོ་འདུག སླད་ཕྱིན།ལས་ཞུགས་གདན་ཞུའི་འདུ་ཚོགས་དེ་རིགས་མང་ཙམ་གཉེར་རྒྱུའི་རེ་བ་ཡོད་ཅེས་བཤད།
ཤེས་རྟོགས་བྱུང་བར་གཞིཊ་ན།ཉིན་དེར་ལས་ཀ་འཚོལ་མཁན་500ལྷག་ཙམ་ཡུལ་དངོས་ཀྱི་གདན་ཞུའི་འདུ་ཚོགས་ནང་ཞུགས་པ་དང་མི་ཐེངས་ཁྲི་1ལྷག་ཙམ་ལྷ་སའི་ལས་ཞུགས་ལས་གཏོད་ཀྱི་འཁྱུག་དབྱིངས་སྟེགས་བུ་བརྒྱུད་ནས་གདན་ཞུའི་ལས་གནས་ལ་བལྟས་པ་དང་འབྲེལ་ལས་ཀ་འཚོལ་བའི་ལོ་རྒྱུས་མདོར་བསྡུས་སྤྲད་ཡོད།ཁྱོན་ལས་ཀ་འཚོལ་བའི་ལོ་རྒྱུས་མདོར་བསྡུས་2000ལྷག་ཙམ་འབྱོར་བ་དང་།མི་10ཡུལ་དངོས་སུ་ཐད་ཀར་ངོ་འཕྲད་རྒྱུགས་འཕྲོད་ནས་བསྡུས་པ་དང་།མི་48ལས་ཞུགས་ཀྱི་འདོད་མོས་རགས་ཙམ་བཞག་པ་རེད། (བུ་ཆུང་གིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社