分享按钮

ཞིང་འབྲོག་པ་ཏང་ཡོན་ཁྲི་21.34ཡིས་སྒྲིག་ཁྲིམས་སྦྱོང་བ་དང་སྒྲིག་ཁྲིམས་ཤེས་པ།སྒྲིག་ཁྲིམས་དམ་པ།སྒྲིག་ཁྲིམས་སྲུང་བ་བཅས་ལ་སྐུལ་འདེད་བཏང་བ།

(པར་ངོས་དང་པོར་མཐུད)ཕན་ཚུན་བློ་སྒོ་འབྱེད་པ་སོགས་ཀྱི་བྱ་ཐབས་སྤྱད་དེ་སློབ་སྦྱོང་གཏིང་ཟབ་དང་ཁོང་དུ་ཡང་དག་ཆུད་པར་བྱས་ཡོད། ནག་ཆུ་གྲོང་ཁྱེར་དཔལ་མགོན་རྫོང་གི་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་ཁག་གིས་གྲོང་ཁྱེར་སྒྲིག་ཨུད་ལྟ་ཞིབ་ཨུ་ལྷན་གྱིས་བཟོས་པའི《“ཉེ་འགྲམ་གྱི་གནས་ཚུལ་ལ་བརྟེན་ནས་ཉེ་འགྲམ་གྱི་མིར་སློབ་གསོ་རྒྱག་པའི”དཔེ་མཚོན་གྱོད་དཔེའི་ལག་དེབ》གཅིག་སྡུད་ཐོག་སློབ་སྦྱོང་བྱས་ཏེ།“ཉེ་འགྲམ་གྱི་གནས་ཚུལ་ལ”བརྟེན་ནས“ཉེ་འགྲམ་གྱི་མིར”དྲན་སྐུལ་བྱས་ཏེ་སྒྲིག་ཁྲིམས་ཀྱི་འདུ་ཤེས་དང་སྒྲིག་ལམ་གྱི་འདུ་ཤེས་ཟབ་ཏུ་བཏང་ཡོད། མངའ་རིས་ས་ཁུལ་གྱིས་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་གྲོང་ཚོར་བཅའ་སྡོད་ལས་བྱེད་པ་ལས་གནས་ཐོག་མ་བསྐྱོད་གོང་གི་གསོ་སྦྱོང་དང་ཆེད་དོན་གསོ་སྦྱོང་ནང་ཁྱབ་པར་བྱས་ཏེ། སྔོན་འགོག་ཡག་པོ་དང་སྒྲིག་ཁྲིམས་ཀྱི་རྩ་བ་དེར་དམ་འཛིན་ནན་པོ་བྱས་ཡོད།

སློབ་སྦྱོང་ལ་རོགས་རམ་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ་ཞིང་འབྲོག་པ་ཏང་ཡོན་ལ་གོ་བ་ལོན་པ་དང་ཁོང་དུ་ཆུད་རྒྱུར་སྐུལ་ཁྲིད་བྱས་ཡོད་པ་སྟེ། རྒྱ་ཆེའི་གྲོང་སྡོད་ལས་བྱེད་པས“བརྒྱུད་རོགས་ཁྲིད”གསུམ་གྱི་ནུས་པ་ཧུར་ཐག་བཏོན་ནས་རྩ་འཛུགས་ཀྱི་ཆེད་དོན་སློབ་སྦྱོང་དང་། ཆ་སྒྲིག་སློབ་རོགས། བགྲོ་གླེང་སྤེལ་རེས། ཉེན་བརྡའི་སློབ་གསོའི་འགྲེམས་སྟོན་ལ་ལྟ་སྐོར་སོགས་ཀྱི་བྱ་ཐབས་བརྒྱུད། གྲོང་ཚོའི(སྡེ་ཁུལ)“ཨུ་ལྷན་གཉིས”ཀྱི་ཚན་ཁག་གི་ཁོངས་མི་དང་རྒྱ་ཆེའི་ཞིང་འབྲོག་པ་ཏང་ཡོན་ལ་ཏང་གི་སྒྲིག་ཁྲིམས་འཛུགས་སྐྱོང་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་དང《སྲོལ་ཡིག》དྲིལ་བསྒྲགས་ཧུར་ཐག་བྱས་པ་དང་། ལྗོངས་ཡོངས་ཀྱི་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་དང་གྲོང་ཚོའི(སྡེ་ཁུལ)ཏང་རྩ་འཛུགས་ཀྱིས་ཆེད་དོན་སློབ་སྦྱོང་ཐེངས་ཁྲི་4.4ལྷག་ཙམ་བྱས་པ་དང“རོགས་ཁྲིད”ཀྱི་རྣམ་པའི་ཐོག་ནས་ཞིང་འབྲོག་པ་ཏང་ཡོན་སྒྲིག་འཛུགས་བྱས་ཏེ་སློབ་སྦྱོང་ཐེངས་ཁྲི་2.1ལྷག་ཙམ་བྱས་ཡོད། ལྷ་ས་གྲོང་ཁྱེར་གྱི་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གིས་གྲོང་ཚོའི(སྡེ་ཁུལ)ཏང་རྩ་འཛུགས་ཀྱི་ཧྲུའུ་ཅིས་དཔེ་མཚོན་གྱོད་དཔེར་གཞིགས་ནས་ཏང་གི་སློབ་ཚན་ཐེངས་2000ལྷག་ཙམ་འཁྲིད་རྒྱུར་མཛུབ་ཁྲིད་བྱས་པས་སློབ་གསོ་ཐོབ་པའི་ཞིང་འབྲོག་པ་ཏང་ཡོན་མི་ཐེངས་ཁྲི་3.8ལྷག་ཙམ་ཟིན་ཡོད། ཉིང་ཁྲི་གྲོང་ཁྱེར་མེ་ཏོག་རྫོང་གི་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གིས“ཉིན་བརྒྱར་གྲོང་ཚོ་དང་དུད་ཚང་དུ་བསྐྱོད་དེ་བརྟག་ཞིབ་ཆེན་པོ་བྱེད་པའི”གོ་སྐབས་སྤྱད་དེ《“ཉེ་འགྲམ་གྱི་གནས་ཚུལ་ལ་བརྟེན་ནས་ཉེ་འགྲམ་གྱི་མིར་སློབ་གསོ་རྒྱག་པའི”གྱོད་དཔེ་གཅེས་བཏུས》ཞིང་འབྲོག་པ་ཏང་ཡོན་ཚང་མར་བརྒྱུད་བསྒྲགས་བྱས་པ་དང“བསླབ་གཞི་གསོན་པོ”སྤྱད་དེ་ཉེན་བརྡ་གཏོང་ཤུགས་དང་ཟིལ་གྱིས་གནོན་ཤུགས་ཆེ་རུ་བཏང་ཡོད།

སློབ་སྦྱོང་ལ་བརྟེན་ནས་ལས་ཀར་སྐུལ་འདེད་གཏོང་རྒྱུ་མཐའ་འཁྱོངས་བྱས་ཏེ་གྲོང་སྡོད་ལས་དོན་གྱི“གཙོ་གནད་ལས་འགན་ལྔའི”སྤུས་འབྲས་ལེགས་གཉེར་ལ་རམ་འདེགས་བྱས་ཡོད་པ་སྟེ། རྒྱ་ཆེའི་གྲོང་སྡོད་ལས་བྱེད་པས་སྦྱངས་པ་གོ་ཆོད་དང་སྦྱོང་སྤྱོད་ཟུང་འབྲེལ་མཐའ་འཁྱོངས་བྱས་ཏེ། ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་སྤེལ་བ་དེ་གྲོང་ཚོར་བཅའ་སྡོད་ལས་དོན་གྱི“གཙོ་གནད་ལས་འགན་ལྔ”(ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་པ་དང་། མང་ཚོགས་ཀྱི་སྣེ་ཁྲིད་དེ་ཕྱུག་པོ་ཆགས་པར་བྱེད་པ། སྤྱི་ཚོགས་བརྟན་ལྷིང་ལ་སྲུང་སྐྱོང་བྱེད་པ། མཐའ་མཚམས་ཀྱི་མངའ་ཁོངས་ས་ཆ་སྲུང་བ། ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་སྤེལ་བ)དོན་འཁྱོལ་བྱེད་པ་དང་ཟུང་འབྲེལ་དམ་ཟབ་དང་། མང་ཚོགས་ཉེ་འགྲམ་གྱི་ཚུལ་མིན་སྤྱོད་ཚུལ་དང་རུལ་སུངས་ཀྱི་གནད་དོན་ལ་གཅིག་སྡུད་ཐོག་བཅོས་སྒྲིག་བྱེད་པའི་ལས་དོན་གཏིང་ཟབ་སྤེལ་རྒྱུ་དང་ཟུང་འབྲེལ་དམ་ཟབ་བྱས་ཏེ་མང་ཚོགས་ཀྱི་བསམ་འཆར་རྒྱ་ཁྱབ་ངང་ཉན་པ་དང་། མང་ཚོགས་ཀྱི་རེ་འདུན་དངོས་འབྲེལ་མཚོན་པ། མང་ཚོགས་ཀྱི་འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག་བཅས་ཀྱི་གནད་དོན་ཐག་གཅོད་ཧུར་ཐག་བྱས་ཡོད། ལྷོ་ཁ་གྲོང་ཁྱེར་གྱི་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གིས་གྲོང་གསེབ་ཀྱི་མཉམ་སྡེབ་ཀྱི“མ་རྩ་གསུམ”ལ་དོ་དམ་དང“ལས་དོན་གསུམ”ཡོངས་བསྒྲགས། དམངས་ཕན་མ་དངུལ་དོན་འཁྱོལ་སོགས་ལ་དམིགས་ནས་རང་བཤེར་རང་བཅོས་ཀྱིས་མང་ཚོགས་ཀྱི་དངོས་ཡོད་གནད་དོན་ཁག་522ཐག་གཅོད་བྱེད་རོགས་བྱས་ཡོད། ཆབ་མདོ་གྲོང་ཁྱེར་དཔའ་ཤོད་རྫོང་གི་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གིས་རྨིན་བོད་སྐྱོར་ས་མཐོའི་སྐྱེ་དངོས་ཚན་རྩལ་ཚད་ཡོད་ཀུང་སི་དང་མཐུན་སྦྱོར་བྱས་ནས་གྲོང་མིར་བོད་ཕག་ཞལ་འདེབས་སུ་ཕུལ་བ་དང་། ཡུལ་བབ་དང་བསྟུན་ནས་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་གཏོང་རོགས་བྱས་ཏེ། མང་ཚོགས་110ལ་མི་རེའི་ཆ་སྙོམས་ཡོང་འབབ་སྒོར་1800འཕར་རྒྱུར་སྐུལ་ཁྲིད་བྱས་ཡོད།

(བྱམས་པ་ཚེ་རིང་གིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-08-11 6 6 拉萨日报藏文 c186065.html 1 ཞིང་འབྲོག་པ་ཏང་ཡོན་ཁྲི་21.34ཡིས་སྒྲིག་ཁྲིམས་སྦྱོང་བ་དང་སྒྲིག་ཁྲིམས་ཤེས་པ།སྒྲིག་ཁྲིམས་དམ་པ།སྒྲིག་ཁྲིམས་སྲུང་བ་བཅས་ལ་སྐུལ་འདེད་བཏང་བ། /enpproperty-->