(པར་ངོས་དང་པོར་མཐུད)གློག་རྡུལ་བརྙན་ཤེལ་ཧ་ཅང་ཆེན་པོ་ཞིག་མིག་ལམ་དུ་མངོན་རྒྱུ་ཡོད་ཅིང་། དེ་ལས་དཀྱིལ་ཐིག་གི་ལྟ་ཞིབ་ཚད་ལེན་ལས་ཀའི་ལམ་སྲོལ་དང་། ལྟ་ཞིབ་ཚད་ལེན་ལས་ཀའི་ནང་དོན། ལྟ་ཞིབ་ཚད་ལེན་ལས་ཀའི་བྱ་ཐབས་སོགས་གསལ་པོར་མཐོང་ཐུབ།
འཕྲལ་མར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་ལ་སློབ་སྦྱོང་བྱས་རྗེས། “པེ་ཅིང་གི་དཀྱིལ་ཐིག”ཤུལ་བཞག་སྲུང་སྐྱོང་ལྟེ་གནས་ཀྱི་ཀྲུའུ་རེན་གཞོན་པ་ལིའུ་ཧྲན་ལ་འགན་འཁྲི་ཧ་ཅང་ལྕི་པོ་ཡིན་པ་ཚོར་ཡོད། ཁོང་གིས། ང་ཚོས་སྤྱི་ཁྱབ་ཧྲུའུ་ཅིས་ནན་གསུངས་གནང་བའི“སྤྱི་ཡོངས་རང་བཞིན་དང་། མ་ལག་རང་བཞིན་གྱི་སྲུང་སྐྱོང་ལ་སྔར་བས་ཤུགས་སྣོན་རྒྱག་དགོས”ཞེས་པ་དེ་བློ་ལ་བརྟན་པོར་ངེས་ནས། རིག་གནས་ཤུལ་བཞག་སྲུང་སྐྱོང་དོ་དམ་དང་། ལྟ་ཞིབ་ཚད་ལེན། སྔོན་བརྡ་གཏོང་བ། འགྲེལ་བཤད་འགྲེམས་སྟོན། སྤྱི་དམངས་ཞུགས་པ་སོགས་ཀྱི་ཐད་མུ་མཐུད་ནུས་ཤུགས་འདོན་རྒྱུ་མ་ཟད། དངོས་པོའི་དཔལ་ཡོན་དང་བསམ་པའི་དཔལ་ཡོན་ཕན་ཚུན་མཐུན་སྦྱོར་དང་། མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་ཀྱི་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་བྱ་ཆེད་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་རྒྱུ་ཡིན་ཞེས་བཤད།
“པེ་ཅིང་གི་དཀྱིལ་ཐིག”ནི་པེ་ཅིང་གྲོང་ཁྱེར་རྙིང་པའི་ལྷོ་བྱང་དུ་ཁྱབ་པ་དང་། ཅིང་ཧྲན་དུ་ཤུལ་བཞག་རིག་གནས་15ཡོད།
པེ་ཅིང་གྲོང་ཁྱེར་ཅིང་ཧྲན་སྤྱི་གླིང་དོ་དམ་ཁྲུའུ་རྨང་གཞིའི་འཛུགས་སྐྲུན་ཁོའོ་ཡི་ཁོའོ་ཀྲང་ཏུའུ་ཡན་ཧུའེ་ཡིས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་ནང་། ཤུལ་བཞག་སྲུང་སྐྱོང་གི་ནུས་པ་དང་ཆུ་ཚད་མཐོ་རུ་གཏོང་རྒྱུའི་ཐད་བླང་བྱ་ཁ་གསལ་བཏོན་འདུག་པས། ང་ཚོས་ཆེད་ལས་ཚན་རིག་ཞིབ་འཇུག་སྒྲིག་གཞི་དང་མཉམ་ལས་བྱ་རྒྱུར་ཤུགས་སྣོན་བརྒྱབ་ནས་རིག་དངོས་སྲུང་སྐྱོང་གི་སྔོན་ཐོན་ལག་རྩལ་དང་སྔོན་ཐོན་ལྟ་བ་ནང་འདྲེན་བྱས་ཏེ། རིག་དངོས་སྲུང་སྐྱོང་ལས་དོན་གྱི་ཚན་རིག་རང་བཞིན་དང་ཆེད་ལས་རང་བཞིན་ཆེ་རུ་གཏོང་རྒྱུ་ཡིན་ཞེས་བཤད།
འབྲི་ཆུ་རྒྱ་མཚོར་འབབ་སའི་ཧྲང་ཧའེ་ཁྲུང་མིང་ཤར་ཐང་གི་དུས་བྱ་འཚོ་སྡོད་ཁུལ་དུ་ཆུ་བྱ་ཅི་དགར་རོལ་བཞིན་ཡོད། དེ་ནི“ཀྲུང་གོའི་ཧོང་ཧེ་དང་པོ་ཧེ་རྒྱ་མཚོའི་དུས་བྱ་འཚོ་སྡོད་ཁུལ(དུས་ཐེངས་གཉིས་པ)”ཤུལ་བཞག་ཐོན་ཡུལ་གྱི་གྲས་ཤིག་ཡིན་ཞིང་། ལོ་ལྟར་འདབ་ཆགས་འབོར་ཆེན་ས་ཆ་གཞན་ནས་དེ་གར་ཡོང་ནས་འཚོ་སྡོད་བྱེད་ཀྱི་ཡོད།
ཧྲང་ཧའེ་གྲོང་ཁྱེར་ཁྲུང་མིང་ཤར་ཐང་རང་བྱུང་སྲུང་སྐྱོང་ཁུལ་དོ་དམ་ལས་དོན་ལྟེ་གནས་ཀྱི་ཀྲུའུ་རེན་ཉིའུ་ཏུང་ལེང་གིས། ང་ཚོས་དོ་དམ་སྲུང་སྐྱོང་གི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དང་། འདབ་ཆགས་ཀྱི་ཚན་རིག་ཞིབ་འཇུག་དང་ལྟ་ཞིབ་ཚད་ལེན། ཕྱི་ནས་ཡོང་བའི་སྐྱེ་དངོས་རིགས་བཅོས་སྐྱོང་སོགས་ཀྱི་ལས་དོན་ལ་སྔར་བས་ཤུགས་སྣོན་རྒྱག་རྒྱུ་དང་། ཚན་རིག་ཁྱབ་གདལ་དང་དྲིལ་བསྒྲགས་སློབ་གསོའི་བྱེད་སྒོ་སྤེལ་ཤུགས་ཆེ་རུ་བཏང་ནས་མི་དེ་བས་མང་བ་ཤར་ཐང་སྲུང་སྐྱོང་ལས་དོན་ལ་ཞུགས་སུ་འཇུག་རྒྱུ་མ་ཟད། རང་བྱུང་གཅེས་ནོར་དེར་སྲུང་སྐྱོང་དང་རྒྱུན་འཛིན་དེ་བས་ལེགས་པ་ཐུབ་པར་བྱ་རྒྱུ་ཡིན་ཞེས་བཤད།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས། རིག་གནས་དང་རང་བྱུང་ཤུལ་བཞག་རྒྱུན་འཛིན་དང་བེད་སྤྱོད་ལ་མུ་མཐུད་ཤུགས་སྣོན་བརྒྱབ་ནས་དུས་རབས་གསར་པར་གསོན་ཤུགས་གསར་པ་དང་གཟི་མདངས་གསར་པ་འཕྱུར་ཐུབ་པར་བྱེད་དགོས་པ་དང་། མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་མི་དམངས་མང་ཚོགས་ཀྱི་དགོས་མཁོ་དེ་བས་ལེགས་པར་སྐོང་དགོས་ཞེས་ནན་གྱིས་བསྟན་ཡོད།
ནམ་མཁའ་གཡའ་དག་པའི་དབྱར་དུས་སུ་ཐེན་ཐན་སྤྱི་གླིང་དུ་ཡུལ་སྐོར་བས་ཁེངས་ཡོད།
ཐེན་ཐན་སྤྱི་གླིང་གི་པུའུ་ཀྲང་གཞོན་པ་ལིའུ་ཡུང་གིས། ཉེ་བའི་ལོ་ཤས་རིང་། “པེ་ཅིང་གི་དཀྱིལ་ཐིག”གི་ཤུལ་བཞག་རེ་ཞུ་དང་སྲུང་སྐྱོང་ལ་སྐུལ་འདེད་གཏོང་བ་དང་བསྟུན། ཐེན་ཐན་གྱི་སྲུང་སྐྱོང་དང་། རྒྱུན་འཛིན། དྲིལ་བསྒྲགས། འགྲེམས་སྟོན། དེ་བཞིན་སྤྱི་དམངས་ཞུགས་པ་སོགས་ཀྱི་ཐད་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་ཡོད། ང་ཚོས“པེ་ཅིང་གི་དཀྱིལ་ཐིག”ཁྲོད་གནས་པའི་ཀྲུང་ཧྭའི་ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་ལ་ཞིབ་འཇུག་གཏིང་ཟབ་དང་རྒྱུན་འཛིན་ལེགས་པར་བྱས་ནས། “པེ་ཅིང་གི་དཀྱིལ་ཐིག”འགྲེལ་བཤད་དང་འགྲེམས་སྟོན་ནང་ཧུར་ཐག་ཞུགས་རྒྱུ་ཡིན་ཞེས་བཤད།
པེ་ཅིང་གྲོང་ཁྱེར་ནུབ་ཕྱོགས་ཀྱི་ཧྲི་ཁྲ་ཧའེ་ཁྲོམ་གཞུང་གི་པའེ་སྨི་སྡེ་ཁུལ་དེ“པེ་ཅིང་གི་དཀྱིལ་ཐིག”གི་ཤུལ་བཞག་15ཡི་གྲས་ཤིག་ཡིན་པའི་དབན་ཉིང་ཟམ་པའི་ཉེ་འགྲམ་དུ་གནས་ཡོད། ཉེ་བའི་ལོ་ཤས་རིང་། ཤུལ་བཞག་རེ་ཞུའི་ལས་དོན་ལ་རྒྱུན་ཆད་མེད་པར་སྐུལ་འདེད་བཏང་བ་དང་ཆབས་ཅིག་སྡེ་ཁུལ་ནང་གི་འགྲོ་ལམ་སྔར་བས་གཙང་སྦྲ་དོད་ཅིང་གྲལ་འགྲིག་པ་དང་། ཁོར་ཡུག་སྔར་བས་མཛེས་སྡུག་ལྡན་པ། འཚོ་བ་སྔར་བས་སྟབས་བདེ་རུ་ཕྱིན་ཡོད། སྡེ་ཁུལ་གྱི་ཡུལ་མི་ཀྲང་ཝུའེ་ཡིས། སྤྱི་ཁྱབ་ཧྲུའུ་ཅིས་མི་དམངས་མང་ཚོགས་ཀྱི་མཛེས་སྡུག་ལྡན་པའི་འཚོ་བའི་དགོས་མཁོ་དེ་བས་ལེགས་པར་སྐོང་དགོས་ཞེས་ནན་གསུངས་གནང་བ་དེས་ངའི་སེམས་ལ་དྲོ་སྐྱིད་ཀྱི་ཚོར་སྣང་ཞིག་སྦྱིན་བྱུང་། ང་ཚོ་ནི་རེ་ཞུའི་ལས་དོན་ཁྲོད་ནས་ཕན་པ་ཐོབ་པའི་མང་ཚོགས་ཤིག་ཡིན་ལ། “པེ་ཅིང་གི་དཀྱིལ་ཐིག”གི་ལོ་རྒྱུས་འགྲེལ་མཁན་ཞིག་ཀྱང་བྱས་ནས་འཛམ་གླིང་ལ་དེའི་སྐོར་ལེགས་པར་གླེང་རྒྱུ་ཡིན་ཞེས་བཤད།
ནང་སོག་ཨཱ་ལ་ཧྲན་ཡིའུ་ཆི་ནགས་ལས་རྩྭ་ཐང་དང་བྱེ་ཐང་འགོག་བཅོས་ཅུས་ཀྱི་ཅུས་ཀྲང་ཡའོ་ཞའོ་ཏེས། པཱ་ཏན་ཅིན་ལེན་བྱེ་ཐང་ལས་སའི་གོ་ལའི་བྱེ་རླུང་ས་དབྱིབས་འཕེལ་རྒྱས་ཀྱི་བརྒྱུད་རིམ་མངོན་གྱི་ཡོད་པས། ཐན་པ་ཆེ་བའི་བྱེ་ཐང་གི་མཛེས་ལྗོངས་དང་ས་དབྱིབས་རྒྱུན་མཐུད་འགྱུར་ལྡོག་འགྲོ་ཚུལ་ལ་ཚན་རིག་གིས་ཞིབ་འཇུག་བྱེད་པ་དང་། བྱེ་ཐང་གསར་སྤེལ་དང་བེད་སྤྱོད་ལ་སྐུལ་འདེད་གཏོང་བ། དམིགས་སའི་རང་བཞིན་ལྡན་པའི་སྲུང་སྐྱོང་བཅས་ལ་དོན་སྙིང་གལ་ཆེན་ལྡན་ཡོད། ང་ཚོས་སྲུང་སྐྱོང་ལས་དོན་མུ་མཐུད་ཡག་པོ་བསྒྲུབས་པའི་རྨང་གཞིའི་ཐོག པཱ་ཏན་ཅིན་ལེན་བྱེ་ཐང་མཚེའུ་རུ་ཡུལ་སྐོར་གསར་སྤེལ་འོས་འཚམ་བྱས་ནས་མི་དམངས་ལ་རང་བྱུང་སྲུང་སྐྱོང་གི་གྲུབ་འབྲས་ལོངས་སུ་སྤྱོད་དུ་འཇུག་རྒྱུ་ཡིན་ཞེས་བཤད།
འཛམ་གླིང་གི་རིག་གནས་དང་རང་བྱུང་ཤུལ་བཞག་ནི་མིའི་རིགས་ཀྱི་ཤེས་དཔལ་འཕེལ་རྒྱས་དང་རང་བྱུང་འཕེལ་འགྱུར་ཁྲོད་ཐོན་པའི་གྲུབ་འབྲས་གལ་ཆེན་ཞིག་ཡིན་ལ། ཤེས་དཔལ་མི་འདྲ་བའི་དབར་སྤེལ་རེས་བྱེད་པ་དང་དཔྱད་གཞིར་འཛིན་པའི་གཞི་རྟེན་གལ་ཆེན་ཞིག་ཀྱང་ཡིན།
ཀྲུང་གོའི་མཉམ་འབྲེལ་རྒྱལ་ཚོགས་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་དྲུང་ཡིག་ཁྲུའུ་ཡི་དྲུང་ཆེ་ཆིན་ཁྲང་ཝུའེ་ཡིས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ལག་ལེན་དངོས་ལ་བརྟེན་ནས་གོ་ལ་ཧྲིལ་པོའི་ཤེས་དཔལ་གྱི་གྲོས་འགོ་ལག་ལེན་དུ་བསྟར་བ་དང་། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་གཏོད་བར་ལེགས་སྐྱེས་གསར་པ་དེ་བས་ཆེ་བ་འབུལ་དགོས་ཞེས་བསྟན་ཡོད་པས། ང་ཚོས་འབྲེལ་ཡོད་ཕྱོགས་དང་མཉམ་དུ་མཉམ་འབྲེལ་རྒྱལ་ཚོགས་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་ཀྱི་སྟེགས་བུ་སྤྱད་དེ། རྒྱལ་སྤྱིའི་སྤྱི་ཚོགས་ལ་རང་རྒྱལ་གྱི་འཛམ་གླིང་ཤུལ་བཞག་རྣམ་གྲངས་དྲིལ་བསྒྲགས་དང་ངོ་སྤྲོད་བྱ་རྒྱུ་མ་ཟད། མཉམ་འབྲེལ་རྒྱལ་ཚོགས་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་དང་དེ་བཞིན་འཛམ་གླིང་རྒྱལ་ཁབ་ཁག་སོགས་དང་ཤུལ་བཞག་སྲུང་སྐྱོང་ཁྱབ་ཁོངས་ཀྱི་མཉམ་ལས་བྱ་རྒྱུར་སྔར་བས་ཤུགས་སྣོན་རྒྱག་རྒྱུ་ཡིན་ཞེས་བཤད།
ཤུལ་བཞག་རེ་ཞུ་ནི་བྱ་ཐབས་ཤིག་དང་། སྲུང་སྐྱོང་རྒྱུན་འཛིན་ནི་དམིགས་ཡུལ་ཡིན། ཤུལ་བཞག་རེ་ཞུ་ལེགས་གྲུབ་བྱུང་བ་དེས་འགོ་འཛུགས་ས་གསར་པ་ཞིག་མཚོན་གྱི་ཡོད།
སྲུང་སྐྱོང་ཨང་དང་པོར་འཇོག་རྒྱུ་མཐའ་འཁྱོངས་བྱས་ཏེ། སྤུས་ཚད་མཐོན་པོའི་སྒོ་ནས་རིག་དངོས་སྲུང་སྐྱོང་དང་ཉམས་གསོ་བྱས་པ་དང་། འགྲེལ་བཤད་དང་རྒྱུན་འཛིན་གྱི་བྱ་ཐབས་འཚོལ་ཞིབ་བྱས་ཏེ། ཚན་རྩལ་ལ་བརྟེན་ནས་སྲུང་སྐྱོང་དང་འགྲེམས་སྟོན་གྱི་ཆུ་ཚད་མཐོ་རུ་བཏང་བ། ཀྲུང་དབྱང་དང་ས་གནས་དབར་མཐུན་སྦྱོར་བྱེད་ཤུགས་ཆེ་རུ་བཏང་སྟེ། ཤུལ་བཞག་སྲུང་སྐྱོང་དོ་དམ་ལས་དོན་གྱི་སྒྲིག་སྲོལ་ལམ་སྲོལ་འཐུས་ཚང་དུ་བཏང་བ། སྤྱི་དམངས་ཞུགས་རྒྱུར་སྐུལ་མ་བཏང་སྟེ། རིག་གནས་ཤུལ་བཞག་སྲུང་སྐྱོང་དང་རྒྱུན་འཛིན་གྱི་སྤྱི་དམངས་རྨང་གཞི་བརྟན་དུ་བཏང་བ་སོགས། “པེ་ཅིང་གི་དཀྱིལ་ཐིག”རིག་གནས་ཤུལ་བཞག་རེ་ཞུ་ལེགས་འགྲུབ་ཡོང་བར་སྐུལ་འདེད་གཏོང་ཆེད། རང་རྒྱལ་གྱི་རིག་དངོས་ལས་དོན་པས་ལོ་10ལྷག་ཙམ་འབད་བརྩོན་དང་འཚོལ་ཞིབ་བྱས་ཡོད།
རྒྱལ་ཁབ་རིག་དངོས་ཅུས་རིག་དངོས་གནའ་ཤུལ་སིའི(འཛམ་གླིང་རིག་གནས་ཤུལ་བཞག་སི)སི་ཀྲང་ཏེང་ཁྲའོ་ཡིས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱིས་དུས་རབས་གསར་པར་འཛམ་གླིང་ཤུལ་བཞག་བྱ་གཞག་སྤུས་ཚད་མཐོན་པོའི་སྒོ་ནས་འཕེལ་རྒྱས་སུ་གཏོང་བར་ཁ་ཕྱོགས་གསལ་པོར་བསྟན་ཡོད། ང་ཚོས“པེ་ཅིང་གི་དཀྱིལ་ཐིག”རིག་གནས་ཤུལ་བཞག་རེ་ཞུ་ལེགས་གྲུབ་བྱུང་བའི་ཉམས་མྱོང་བསྡུས་ནས《འཛམ་གླིང་གི་རིག་གནས་དང་རང་བྱུང་ཤུལ་བཞག་སྲུང་སྐྱོང་སྤྱི་ཆིངས》ཀྱི་འགན་འཁྲི་དང་འོས་འགན་ལག་བསྟར་ཏན་ཏིག་བྱ་རྒྱུ་དང་། ཞི་ཞའི་དུར་ས་དང་།ཅིན་ཏ་གྲོང་རྡལ། སན་ཞན་ཏུའེ་སོགས་གཙོ་བོར་བཟུང་ནས་རྣམས་གྲངས་རེ་ཞུ་བྱ་རྒྱུ་ཡིན་ལ། གྲ་སྒྲིག་མིང་ཐོ་བརྒྱུད་རིམ་ལྡན་པའི་སྒོ་ནས་གསར་སྒྱུར་དང་། ཀྲུང་ཧྭའི་ཤེས་དཔལ་མཚོན་རྟགས་མ་ལག་འཛུགས་རྒྱུར་སྣེ་ཁྲིད། རྒྱལ་སྤྱིའི་སྤེལ་རེས་དང་མཉམ་ལས་ལ་མུ་མཐུད་ཤུགས་སྣོན་རྒྱག་པ། འཛམ་གླིང་ཤུལ་བཞག་ལས་དོན་གྱི་སྒྲིག་སྲོལ་བཟོ་བའི་ནང་ཞུགས་པ། ཤུལ་བཞག་སྲུང་སྐྱོང་གི་རྒྱལ་སྤྱིའི་ལས་དོན་ལ་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། གོ་ལ་ཧྲིལ་པོའི་འཛམ་གླིང་ཤུལ་བཞག་སྲུང་སྐྱོང་བྱེད་པར་ཀྲུང་གོའི་བློ་གྲོས་ལེགས་སྐྱེས་སུ་འབུལ་རྒྱུ་ཡིན་ཞེས་བཤད།
(ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་8ཚེས་6ཉིན་འབྱོར་བའི་གློག་འཕྲིན)
(ཨོ་རྒྱན་ཚེ་རིང་གིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社