ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་8ཚེས་7ཉིན་གློག་འཕྲིན་འབྱོར་གསལ། ཚེས་7ཉིན་རྒྱལ་ཁབ་སྨན་བཅོས་འགན་བཅོལ་ཅུས་ཀྱིས་2024ལོའི་རྒྱལ་ཁབ་སྨན་བཅོས་འགན་བཅོལ་སྨན་རྫས་དཀར་ཆག་གི་ཐོག་མའི་ཞིབ་བཤེར་བྱས་འབྲས་ཡོངས་བསྒྲགས་བྱས་པ་དང་། 2024ལོའི་ཟླ་7ཚེས་1ཉིན་གྱི་ཆུ་ཚོད་9པ་ནས་ཟླ་7ཚེས་14ཉིན་གྱི་ཆུ་ཚོད་17བར་ཁེ་ལས་ཀྱི་སྙན་ཞུའི་ཆ་འཕྲིན་ཁྱོན་626འབྱོར་བ་དང་སྨན་རྫས་རིགས་574དང་འབྲེལ་བ་ཡོད་པ་རེད། ཞིབ་བཤེར་བྱས་པ་བརྒྱུད། སྨན་རྫས་440ལ་ཐོག་མའི་རྣམ་པའི་ཐོག་ནས་ཞིབ་བཤེར་བྱས་པ་རེད།2023ལོ་དང་བསྡུར་ན་ཡིག་ཐོག་སྙན་ཞུ་ཕུལ་བའི་སྨན་རྫས་ཀྱི་གྲངས་འབོར་ཅུང་མང་དུ་ཕྱིན་ཡོད་པ་རེད།
སྨན་བཅོས་འགན་བཅོལ་སྨན་རྫས་ཀྱི་དཀར་ཆག་ལེགས་སྒྲིག་བྱེད་པར་ཁེ་ལས་ཀྱི་རེ་ཞུ་དང་། རྣམ་པའི་ཞིབ་བཤེར། རིགས་གཅིག་མཁས་ཅན་གྱི་ཞིབ་དཔྱད། རིན་གོང་གྲོས་མོལ་སོགས་ཀྱི་ལྷུ་ཚིགས་སུ་དབྱེ་ཡོད། དེའི་ནང་རྣམ་པའི་ཞིབ་བཤེར་ནི་ཡིག་ཐོག་སྙན་ཞུ་ཕུལ་བའི་སྨན་རྫས་དེ་ལོ་དེའི་རྒྱལ་ཁབ་སྨན་བཅོས་འགན་བཅོལ་སྨན་རྫས་དཀར་ཆག་ལེགས་སྒྲིག་ཡིག་ཐོག་སྙན་ཞུ་ཕུལ་བའི་ཆ་རྐྱེན་དང་མཐུན་མིན་དང་དེ་བཞིན་སྨན་རྫས་ཆ་འཕྲིན་ཆ་ཚང་རང་བཞིན་ལ་ཞིབ་བཤེར་བྱེད་པ་ཞིག་ཡིན་པ་དང་།གཙོ་བོ་ཐོག་མའི་ཞིབ་བཤེར་དང་།ཐོག་མའི་ཞིབ་བཤེར་བྱས་འབྲས་ཁྱབ་བསྒྲགས། བསྐྱར་བཤེར། བསྐྱར་བཤེར་བྱས་འབྲས་སྤྱི་བསྒྲགས་བཅས་གོ་རིམ་བཞི་ལ་དབྱེ་ཡོད་པ་རེད།
རྒྱལ་ཁབ་སྨན་བཅོས་འགན་བཅོལ་ཅུས་ཀྱིས་ངོ་སྤྲོད་བྱས་པར་གཞིགས་ན། ད་ཐེངས་ཡོངས་བསྒྲགས་བྱས་པའི་ནང་དོན་ནི་འདི་ལོའི་ཐོག་མའི་ཞིབ་བཤེར་འབྲས་བུ་ཡིན་པ་རེད། སྨན་རྫས་ཤིག་ལ་ཐོག་མའི་རྣམ་པའི་ཐོག་ནས་ཞིབ་བཤེར་བྱས་པ་བརྒྱུད་དེ་ཡིག་ཐོག་སྙན་ཞུའི་ཆ་རྐྱེན་དང་མཐུན་པ་དང་དཀར་ཆག་ལེགས་སྒྲིག་ནང་ཞུགས་པའི་ཐོབ་ཐང་ལྡན་པ་ཁོ་ན་མཚོན་པ་ལས་རྒྱལ་ཁབ་སྨན་བཅོས་འགན་བཅོལ་སྨན་རྫས་དཀར་ཆག་ནང་ཚུད་ཡོད་པ་མཚོན་གྱི་མེད།
ད་ཐེངས་ཀྱི་ཡོངས་བསྒྲགས་དུས་ཚོད་ཟླ་8ཚེས་13ཉིན་བར་ཡིན་པ་དང་རྒྱལ་ཁབ་སྨན་བཅོས་འགན་བཅོལ་ཅུས་ཀྱིས་ཡོངས་བསྒྲགས་བྱེད་རིང་འབྱོར་བའི་བསམ་འཆར་གཞིར་བཟུང་འབྲེལ་ཡོད་ཆ་འཕྲིན་ལ་སྔར་བས་ཞིབ་དཔྱད་བྱས་ནས་མཐར་རྣམ་པའི་ཐོག་ནས་ཞིབ་བཤེར་བྱས་པའི་སྨན་རྫས་ཀྱི་མིང་ཐོ་གཏན་འཁེལ་བྱས་ཏེ་སྤྱི་ཚོགས་ལ་ཡོངས་བསྒྲགས་བྱ་རྒྱུ་མ་ཟད། རིགས་གཅིག་མཁས་ཅན་གྱི་ཞིབ་དཔྱད་དང་རིན་གོང་གྲོས་མོལ་སོགས་རྗེས་མཐུད་ལས་དོན་ལ་སྐུལ་འདེད་གཏོང་རྒྱུ་ཡིན་པ་རེད།
(སྟོབས་རྒྱལ་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社