分享按钮

ས་གནས་ཀྱི་ཚོང་དང་མ་དངུལ་འདྲེན་འགུགས་ཀྱི་ཁྲིམས་སྲོལ་དང་ལམ་ལུགས་ཚད་ལྡན་དུ་གཏོང་དོན་དང་ཁྲིམས་འགལ་སྒྲིག་འགལ་ངང་གཟིགས་སྐྱོང་བྱེད་པའི་བྱ་སྤྱོད་གཏན་འགོག་བྱེད་དགོས་དོན་ཅི་ཡིན།

ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་8ཚེས་9ཉིན་གློག་འཕྲིན་འབྱོར་གསལ།《ཕྱོགས་ཡོངས་ནས་སྒྱུར་བཅོས་སྔར་བས་ཟབ་གཏོང་དང་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་གི་གཏན་འབེབས》ནང་ས་གནས་ཀྱི་ཚོང་དང་མ་དངུལ་འདྲེན་འགུགས་ཀྱི་ཁྲིམས་སྲོལ་དང་ལམ་ལུགས་ཚད་ལྡན་དུ་གཏོང་བ་དང་། ཁྲིམས་འགལ་སྒྲིག་འགལ་ངང་གཟིགས་སྐྱོང་བྱེད་པའི་བྱ་སྤྱོད་གཏན་འགོག་བྱེད་དགོས་ཞེས་བཏོན་ཡོད། དེ་ནི་ཏང་ཀྲུང་དབྱང་གིས་རྒྱལ་ཡོངས་ཀྱི་གཅིག་གྱུར་ཁྲོམ་ར་ཆེན་པོ་བསྐྲུན་རྒྱུར་སྐུལ་འདེད་གཏོང་བའི་ཐད་བཀོད་སྒྲིག་གལ་ཆེན་བྱས་པ་ཞིག་ཡིན་ལ་ཏང་ཀྲུང་དབྱང་གིས་རང་རྒྱལ་གྱི་དཔལ་འབྱོར་འཕེལ་རྒྱས་ཀྱི་དུས་མཚམས་རང་བཞིན་གྱི་ཁྱད་ཆོས་ལ་ངོས་འཛིན་ཡང་དག་དང་ཁྲོམ་རའི་ཆོས་ཉིད་ཁོང་དུ་ཆུད་པའི་རྨང་གཞིའི་ཐོག་ཁྱོན་ཡོངས་ཀྱི་མཐོ་ཚད་ཐོག་ནས་བཏོན་པའི་ཐབས་ཇུས་གལ་ཆེན་ཞིག་ཀྱང་རེད།

ཚོང་དང་མ་དངུལ་འདྲེན་འགུགས་བྱེད་པ་ནི་ས་གནས་ཀྱིས་དཔལ་འབྱོར་འཕེལ་རྒྱས་གཏོང་བའི་བྱེད་ཐབས་གལ་ཆེན་ཞིག་ཡིན་ཞིང་། ཚོང་གཉེར་ཁོར་ཡུག་ལེགས་སུ་གཏོང་བ་དང་།ཐོན་ཁུངས་བཀོད་སྒྲིག་ལེགས་སྒྱུར།ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད། གཉེར་སྐྱོང་བྱེད་པོ་གསོ་སྐྱོང་བྱེད་པ།གྲོང་མིའི་ཡོང་འབབ་འཕར་རྒྱུར་སྐུལ་ཁྲིད་བྱེད་པ་སོགས་ཀྱི་ཐད་ནུས་པ་གལ་ཆེན་འདོན་སྤེལ་བྱས་ཡོད། ས་གནས་ཁག་གིས་ཚོང་དང་མ་དངུལ་འདྲེན་འགུགས་ཧུར་ཐག་བྱས་ཏེ་ཕྱི་ཕྱོགས་ཀྱི་མ་དངུལ་འབོར་ཆེན་འགུགས་པ་དང་། སྔོན་ཐོན་ལག་རྩལ་དང་དོ་དམ་ཉམས་མྱོང་ནང་འདྲེན་བྱས་ནས་ས་གནས་ཀྱི་དཔལ་འབྱོར་གོང་འཕེལ་དང་། ནོར་སྲིད་ཡོང་འབབ་འཕར་བ། གྲོང་མིའི་འཚོ་བའི་ཆུ་ཚད་མཐོ་རུ་གཏོང་བ་བཅས་ལ་སྐུལ་འདེད་བཏང་ཡོད། འོན་ཀྱང་དུས་ཡུན་ངེས་ཅན་ཞིག་གི་རིང་ལ་ས་གནས་ཁ་ཤས་ཀྱིས་ཕྱོགས་རེ་བའི་སྒོ་ནས་ས་གནས་དེ་གའི་ཆ་ཤས་ཀྱི་ཁེ་ཕན་དོན་གཉེར་བྱས་ཏེ། མ་དངུལ་འཇོག་པ་དང་རྣམ་གྲངས་འཕྲོག་རྩོད་བྱ་ཆེད། སྒྲིག་འགལ་གྱིས་ཁྲལ་གྲོན་དང་ས་ཆ་སྤྱོད་པ་སོགས་གཟིགས་སྐྱོང་སྣ་ཚོགས་ལག་བསྟར་བྱས་པ་དང་།མིས་བཟོས་སྲིད་ཇུས་ཀྱི་གཤོང་ས་བཟོས་པས། ཚོང་དང་མ་དངུལ་འདྲེན་འགུགས་ཀྱི་རྣམ་པ་ཟང་ཟིང་དང་གོ་རིམ་མེད་པའི་འགྲན་རྩོད་ཀྱི་གནས་སུ་གྱར་བ། རྒྱུ་རྐྱེན་གཙོ་བོ་ལུགས་མཐུན་འཁོར་རྒྱུག་བྱེད་པར་འགོག་རྐྱེན་བཟོས་པ་དང་། ཐོན་ཁུངས་རྒྱུ་རྐྱེན་གཙོ་བོའི་སྤྱི་ཡོངས་ཀྱི་བཀོད་སྒྲིག་ལས་ཆོད་ཇེ་དམའ་རུ་ཕྱིན་པ།དཔལ་འབྱོར་འཁོར་རྒྱུག་ཤར་གཏོང་ཐུབ་པར་འགོག་རྐྱེན་བཟོས་པ་བཅས་རེད།དེ་ནི་ཐོན་ལས་ཆུ་ཚད་དམའ་བའི་བསྐྱར་ཟློས་འཛུཊ་སྐྲུན་དང་ཐོན་ནུས་ལྷག་དྲཊ་པ་དང་།རྒྱལ་ཡོངས་ཀྱི་གཅིག་གྱུར་ཚོང་ར་ཆེན་པོའི་དགེ་མཚན་འདོན་སྤེལ་བྱེད་པར་འགོག་རྐྱེན་བཟོས་པ་ཞིག་རེད། ས་གནས་ཀྱི་ཚོང་དང་མ་དངུལ་འདྲེན་འགུགས་ཀྱི་ཁྲིམས་སྲོལ་དང་ལམ་ལུགས་ཚད་ལྡན་དུ་གཏོང་བ་དང་། ཁྲིམས་འགལ་སྒྲིག་འགལ་ངང་གཟིགས་སྐྱོང་བྱེད་པའི་བྱ་སྤྱོད་གཏན་འགོག་བྱེད་པ་དང་། སྲིད་གཞུང་དང་ཚོང་རའི་བར་གྱི་འབྲེལ་བ་སྔར་ལས་གསལ་པོ་བཟོས་ཚེ། ས་གནས་ཀྱི་ཚོང་དང་མ་དངུལ་འདྲེན་འགུགས་ཀྱི་ཟང་ཟིང་གི་རྣམ་པ་རྩ་བའི་ཆ་ནས་མེད་པར་ཆགས་པ་དང་། ས་གནས་ཀྱི་སྲུང་སྐྱོང་དང་ཚོང་ར་བགོ་བཤའ་མེད་པར་བཟོས་ནས་རྒྱུ་རྐྱེན་གཙོ་བོའི་ཐོན་ཁུངས་རྒྱལ་ཡོངས་ཀྱི་ཁྱབ་ཁོངས་སུ་ལས་ཆོད་ཆེ་བའི་སྒོ་ནས་བཀོད་སྒྲིག་བྱེད་པར་སྐུལ་འདེད་གཏོང་བ། ས་གནས་ཁག་གིས་རྒྱལ་ཡོངས་གཅིག་གྱུར་གྱི་ཚོང་ར་ཆེན་པོ་འཛུགས་སྐྲུན་བྱེད་པའི་རང་རྟོགས་རང་བཞིན་ཆེ་རུ་གཏོང་བ་བཅས་ལ་ཕན་ཐོགས་ཡོད།ས་གནས་ཁག་གིས་ཚོང་དང་མ་དངུལ་འདྲེན་འགུགས་ཀྱི་ལས་ཀའི་གཙོ་གནད་དེ་ནོར་ཁྲལ་དང་ས་ཞིང་སོགས་སྲིད་ཇུས་ཀྱི་གཟིགས་སྐྱོང་ནས་ཚོང་གཉེར་ཁོར་ཡུག་ལེགས་སུ་གཏོང་བ་དང་ཞབས་ཞུའི་ཆུ་ཚད་མཐོ་རུ་གཏོང་བའི་ཐོག་ཏུ་འགྱུར་ལྡོག་གཏོང་རྒྱུར་ཁྲིད་སྟོན་བྱས་ཏེ་ཚོང་འགུགས་ཚད་ལྡན་དང་ཚོང་འགུགས་བཟང་པོ་གཏོད་པའི་རྣམ་པ་གསར་པ་ཆགས་རྒྱུར་སྐུལ་འདེད་གཏོང་བ་དང་།ཚོང་འགུགས་མ་འདྲེན་སྤུས་ཚད་མཐོ་བའི་འཕེལ་རྒྱས་མངོན་འགྱུར་ཡོང་བར་ཕན་ཐོགས་ཡོད་ལ་བསྐྱར་ཟློས་འཛུགས་སྐྲུན་བྱེད་པར་སྔོན་འགོག་ནུས་ལྡན་དང་། ཐོན་ནུས་ལྷག་དྲགས་པར་སྔོན་འགོག་བྱེད་པ། ཐོན་ལས་འགྲན་རྩོད་ཀྱི་སྒྲིག་ལམ་བཟང་པོ་བསྐྲུན་པ། ཐོན་ལས་སྐྱོན་བྲལ་ངང་གོང་དུ་འཕེལ་བར་སྐུལ་འདེད་གཏོང་བ་བཅས་ལ་ཕན་ཐོགས་ཡོད་པར་མ་ཟད། ནོར་སྲིད་དཔལ་འབྱོར་གྱི་སྒྲིག་ཁྲིམས་ནན་པོ་དང་།ས་གནས་ཀྱི་ནོར་སྲིད་གཏོང་སྒོ་ཚད་ལྡན་དུ་གཏོང་བ། ནོར་སྲིད་ཐོན་ཁུངས་ཟད་གྲོན་ཚད་ལས་བརྒལ་བ་འགོག་པ། ས་གནས་ཀྱི་ནོར་སྲིད་རྒྱུན་མཐུད་རང་བཞིན་ཆེ་རུ་གཏོང་བ་བཅས་ལ་ཡང་ཕན་ཐོགས་ཡོད།

ས་གནས་ཀྱི་ཚོང་དང་མ་དངུལ་འདྲེན་འགུགས་ཀྱི་ཁྲིམས་སྲོལ་ལམ་ལུགས་ཚད་ལྡན་དུ་གཏོང་བ་དང་། ཁྲིམས་འགལ་སྒྲིག་འགལ་ངང་གཟིགས་སྐྱོང་བྱེད་པའི་བྱ་སྤྱོད་གཏན་འགོག་བྱེད་པར་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ་དང་། རྒྱལ་ཡོངས་ཀྱི་གཅིག་གྱུར་ཚོང་ར་ཆེན་པོ་འཛུགས་སྐྲུན་གྱི་བླང་བྱ་གཞིར་བཟུང་། སྒྲིག་སྲོལ་དང་ལམ་སྲོལ་ཟམ་མི་ཆད་པར་འཐུས་ཚང་དུ་གཏོང་བ་དང་། ཆུ་ཚད་མཐོ་ཞིང་བཟང་བའི་ཚོང་འགུགས་མ་འདྲེན་གྱི་ལམ་སྲོལ་གསར་པ་འཛུགས་པ་དང་འཐུས་ཚང་དུ་བཏང་ནས་ཚོང་འགུགས་མ་འདྲེན་གྱི་སྤྱི་ཁོག་གཅིག་གྱུར་གྱིས་ཁྲིད་སྟོན་བྱེད་ཤུགས་ཆེ་རུ་གཏོང་དགོས། གཅིག་ནི་ས་གནས་ཀྱི་ཚོང་དང་མ་དངུལ་འདྲེན་འགུགས་ཀྱི་ཁྲིམས་སྲོལ་དང་ལམ་ལུགས་འཛུགས་པ་དང་ཚད་ལྡན་དུ་གཏོང་བ་དང་།རྒྱལ་ཡོངས་གཅིག་གྱུར་གྱི་ཚོང་ར་ཆེན་པོའི་ཁྲིམས་འཛུགས་ཞིབ་འཇུག་བྱེད་པ། རྒྱལ་ཡོངས་གཅིག་གྱུར་གྱི་ཚོང་ར་ཆེན་པོའི་འཛུགས་སྐྲུན་དེ་ཁྲིམས་སྐྱོང་གི་ལམ་དུ་བཅུག་ནས་གཅིག་གྱུར་གྱི་ཚོང་རའི་རྨང་གཞིའི་ལམ་ལུགས་དང་སྒྲིག་སྲོལ་ལག་བསྟར་བྱེད་པར་འགན་སྲུང་ནུས་ལྡན་དང་ཚུལ་མིན་གྱི་སྲིད་འཛིན་ཐེ་གཏོགས་བྱ་རྒྱུར་སྔོན་འགོག་བྱེད་དགོས། གཉིས་ནི་རྒྱལ་ཡོངས་ཀྱི་གཅིག་གྱུར་ཁྲོམ་ར་ཆེན་པོའི་སྲིད་ཇུས་དོན་འཁྱོལ་བྱེད་ཤུགས་ཆེ་རུ་གཏོང་བ་དང་། རྒྱལ་ཡོངས་ཀྱི་གཅིག་གྱུར་ཁྲོམ་ར་ཆེན་པོའི་འཛུགས་སྐྲུན་གྱི་ཚད་གཞིའི་མཛུབ་ཁྲིད་གཏན་འབེབས་བྱས་ཏེ། ཚད་གཞི་དང་སྒྲིག་སྲོལ་གཅིག་གྱུར་དང་། འཆར་འགོད་དང་ལྟ་སྐུལ་དོ་དམ་གཅིག་གྱུར། རྨང་གཞིའི་སྒྲིག་བཀོད་ཕན་ཚུན་སྤེལ་རེས་སོགས་དུས་རིམ་རང་བཞིན་གྱི་དམིགས་ཚད་ཁ་གསལ་བཟོས་ནས་འགུལ་རྣམ་ལེགས་སྒྲིག་བྱས་ཏེ།ས་གནས་དང་ལས་རིགས་ཀྱིས་གཅིག་གྱུར་ཁྲོམ་ར་འཛུགས་སྐྲུན་ལ་ཁྲིད་སྟོན་བྱེད་པ། ས་གནས་ཁག་གིས་རྩིས་རྒྱག་ཆེན་པོ་དང་རྒྱལ་ཡོངས་ཀྱི་བསམ་ཇུས་གཅིག་གི་འདུ་ཤེས་འཛུགས་པར་ཁྲིད་སྟོན་ཏན་ཏིག་བྱས་ཏེ། ཚོང་དང་མ་དངུལ་འདྲེན་འགུགས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ལམ་ལུགས་ཀྱི་ཁོར་ཡུག་བཟང་པོ་སྐྲུན་དགོས། གསུམ་ནས་ཚོང་དང་མ་དངུལ་འདྲེན་འགུགས་ཀྱི་ཚུལ་མིན་བྱ་སྤྱོད་གཏན་འགོག་ནན་པོ་བྱེད་པ་དང་། ནོར་དཔལ་གྱི་སྒྲིག་ཁྲིམས་ཇི་མ་ཇི་བཞིན་དོན་འཁྱོལ་བྱེད་པ། ས་གནས་ཁག་གིས་ཚོང་འགུགས་མ་འདྲེན་བྱེད་རིང་སྒྲིག་འགལ་ངང་ནོར་སྲིད་དང་ཁྲལ་གྲོན་དང་ས་ཆ་སྤྱོད་པའི་གཟིགས་སྐྱོང་ལག་བསྟར་བྱ་རྒྱུ་གཏན་འགོག་ནན་པོ་བྱས་ཏེ་ཁོར་ཡུག་ཐོན་ཁུངས་ལམ་ལུགས་དང་སྲིད་ཇུས་གཏན་འབེབས་ལས་བརྒལ་བ་དང་སྒྲིག་འགལ་ངང་བུ་ལོན་གཡར་ནས་ཚོང་འགུགས་མ་འདྲེན་བྱེད་པ་སོགས་ཚུལ་མིན་གྱི་ཚོང་འགུགས་མ་འདྲེན་བྱ་སྤྱོད་སྣ་ཚོགས་ལ་ཆད་པ་གཅོད་དགོས།བཞི་ནི་ཆུ་ཚད་མཐོ་བའི་ཚོང་དང་མ་དངུལ་འདྲེན་འགུགས་ཀྱི་རྣམ་པ་གསར་པ་བཏོད་དེ་དྲང་ཕྱོགས་ཀྱི་ཁྲིད་སྟོན་ནས་འགོ་བཙུགས་ཏེ་ཚོང་འགུགས་ཚད་ལྡན་དང་ཚོང་འགུགས་བཟང་པོའི་ལས་ཀའི་ཁ་ཕྱོགས་དར་སྤེལ་གཏོང་བ་དང་།ས་གནས་ཁག་གིས་ཚོང་གཉེར་ཁོར་ཡུག་ལེགས་སྒྱུར་བྱ་རྒྱུ་གཙོ་གནད་དུ་བཟུང་ནས་ཚོང་དང་མ་དངུལ་འདྲེན་འགུགས་ཀྱི་ཆུ་ཚད་མཐོ་རུ་གཏོང་རྒྱུར་སྐུལ་འདེད་གཏོང་བ་དང་། ས་གནས་ཀྱི་ཚོང་དང་མ་དངུལ་འདྲེན་འགུགས་ཀྱི་ཐབས་ཇུས་དང་གདེང་འཇོག་ལམ་སྲོལ་འཐུས་ཚང་དུ་གཏོང་བ། ཚོང་དང་མ་དངུལ་འདྲེན་འགུགས་ཀྱི་དཔྱད་ཞིབ་ལམ་སྲོལ་འཐུས་ཚང་དུ་བཏང་ནས་ཚན་རིག་དང་མཐུན་པ་དང་།གནད་ལ་འཕིགས་པ། ཁ་གསལ། སྒྲིག་སྲོལ་དང་མཐུན་པ་བཅས་ཀྱི་ཚོང་དང་མ་དངུལ་འདྲེན་འགུགས་ལ་སྐུལ་འདེད་ཤུགས་ཆེན་གཏོང་དགོས། ལྔ་ནི་ཚོང་དང་མ་དངུལ་འདྲེན་འགུགས་ཀྱི་གཅིག་གྱུར་འཆར་འགོད་མཐུན་སྦྱོར་དང་སྲིད་ཇུས་མཛུབ་ཁྲིད་ལ་ཤུགས་སྣོན་རྒྱག་པ་དང་རྒྱལ་ཁབ་རིམ་པས་གཙོ་གནད་ཐོན་ལས་བཀོད་སྒྲིག་འཆར་འགོད་ལ་ཁྲིད་སྟོན་བྱེད་ཤུགས་ཆེ་རུ་བཏང་ནས་ས་གནས་ཁག་གིས་ས་ཁོངས་ཀྱི་ནུས་པ་གཙོ་བོའི་ངེས་གནས་གཞིར་བཟུང་།ས་གནས་དེ་གའི་ཐོན་ཁུངས་ཀྱི་ལྷན་སྐྱེས་ཆ་རྐྱེན་ལ་ཚན་རིག་དང་མཐུན་པའི་དབྱེ་ཞིབ་བྱེད་པ་དང་ཡུལ་བབ་དང་བསྟུན་ནས་བསྡུར་གཞི་ཡོད་པའི་ལེགས་ཆ་འདོན་སྤེལ་བྱས་ཏེ་ཚོང་དང་མ་དངུལ་འདྲེན་འགུགས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཏན་ཏིག་གཏོང་དགོས། དྲུག་ནི་ཚོང་དང་མ་དངུལ་འདྲེན་འགུགས་ཀྱི་ཁྲིམས་འགལ་སྒྲིག་འགལ་དང་འགྲན་རྩོད་ངན་པའི་བྱ་སྤྱོད་ལ་ལྟ་སྐུལ་དང་འགན་འཁྲི་རྩད་གཅོད་བྱེད་ཤུགས་ཆེ་རུ་བཏང་སྟེ་སྲིད་གཞུང་གི་ཉོ་སྒྲུབ་དང་འོས་སྐུལ་འོས་དཔོད་སོགས་གཙོ་གནད་ཁྱབ་ཁོངས་ཀྱི་ལྷུ་ཚིགས་ལ་ཆེད་དོན་བཅོས་སྒྲིག་བྱས་ཏེ་ཚོང་དང་མ་དངུལ་འདྲེན་འགུགས་ཀྱི་སྲིད་ཇུས་དང་གཏན་འབེབས་ལས་འགལ་ནས་ཤུགས་རྐྱེན་ངན་པ་བཟོས་རིགས་ལ་སྒྲིག་ཁྲིམས་ལྟར་འགན་འཁྲི་རྩད་གཅོད་ནན་པོ་དང་།ལྡོག་ཕྱོགས་ཀྱི་གྱོད་དཔེ་བརྡ་ཁྱབ་གཏོང་ཤུགས་ཆེ་རུ་བཏང་ནས་ཉེན་བརྡའི་ནུས་པ་འདོན་སྤེལ་བྱེད་དགོས་པ་བཅས་རེད། (སྟོབས་རྒྱལ་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-08-11 6 6 拉萨日报藏文 c186060.html 1 ས་གནས་ཀྱི་ཚོང་དང་མ་དངུལ་འདྲེན་འགུགས་ཀྱི་ཁྲིམས་སྲོལ་དང་ལམ་ལུགས་ཚད་ལྡན་དུ་གཏོང་དོན་དང་ཁྲིམས་འགལ་སྒྲིག་འགལ་ངང་གཟིགས་སྐྱོང་བྱེད་པའི་བྱ་སྤྱོད་གཏན་འགོག་བྱེད་དགོས་དོན་ཅི་ཡིན། /enpproperty-->