(པར་ངོས་དང་པོར་མཐུད)ལྷ་ས་གྲོང་ཁྱེར་ལུས་རྩལ་ཅུས་ཀྱི་ཅུས་ཀྲང་གཞོན་པ་ཀོ་ཐུང་རུང་གིས་དམངས་ཡོངས་ཀྱི་ལུས་སྦྱོང་ཉིན་མོ་བཅུ་དྲུག་པ་སྤེལ་བའི་མཚམས་འདིར།ང་ཚོས་དར་དམར་ཁྲོམ་གཞུང་དུ་དམངས་ཡོངས་ཀྱི་ལུས་སྦྱོང་དང་ཨོ་རྩལ་འགྲན་ཚོགས་མཉམ་དུ་སྤེལ་ཞེས་པའི་སྡེ་ཁུལ་གྱི་ལུས་རྩལ་འགྲན་ཚོགས་གཉེར་བ་ཡིན། ཕྱིས་འབྱུང་།ང་ཚོས་མང་ཚོགས་ཀྱི་ཉེ་འགྲམ་དུ་འགྲན་བསྡུར་བྱེད་སྒོ་དེ་བས་མང་བ་སྤེལ་ནས་མང་ཚོགས་ཀྱི་རིག་རྩལ་འཚོ་བ་ཕུན་སུམ་ཚོགས་སུ་གཏོང་བ་དང་།མང་ཚོགས་ལ་ཐོབ་སྣང་དང་བདེ་སྣང་དེ་བས་མང་བ་ཡོང་བར་བྱ་རྒྱུ་ཡིན་ཞེས་བཤད།
ཆར་པ་སིམ་སིམ་དུ་བབས་ཀྱང་གྲོང་མི་མང་ཚོགས་ཀྱི་འགྲན་བསྡུར་ནང་ཞུགས་པའི་སྤྲོ་སེམས་ལ་ཤུགས་རྐྱེན་ཐེབས་མེད། འགྲན་རའི་ཐོག་བདམས་ཐོན་པ་ཚོའི་སེམས་ཤུགས་ཆེ་རུ་ཕྱིན་ནས་འགྲན་བསྡུར་ཁྲོད་ཞུགས་པ་དང་།འགྲན་རའི་ཕྱི་རོལ་དུ་ལྟད་མོ་བ་ཚོས་སྤྲོ་སེམས་འཁོལ་བའི་འབོད་སྒྲ་སྒྲོག་ནས་ལུས་རྩལ་པའི་ངར་ཤུགས་འཕེལ་བར་བྱས་པས་འགྲན་བསྡུར་གྱི་རྣམ་པ་འཁྲུག་ཆ་དོད་དུ་ཕྱིན་ཡོད།
ར་ཁ་ཆོས་འཁོར་གྲོང་ཚོའི་འགྲན་ཞུགས་པ་ཟླ་བས་ང་རང་རྐང་རྩེད་སྤོ་ལོ་རྒྱག་རྒྱུར་དགའ་པོ་ཡོད་ལ་ལུས་རྩལ་གཞན་ལའང་ཧ་ཅང་དགའ་པོ་ཡོད། ཕ་རི་སིར་ཨོ་རྩལ་འགྲན་ཚོགས་སྤེལ་རིང་།ང་ཚོ་ཡང་གྲོང་ཁྱེར་ལུས་རྩལ་ཅུས་དང་ཁྲོམ་གཞུང་གིས་གཉེར་བའི་ལུས་རྩལ་བྱེད་སྒོའི་ནང་ཞུགས་ནས་ལུས་རྩལ་འགྲན་བསྡུར་གྱི་རྣམ་པར་མྱོང་རོལ་བྱ་རྒྱུ་བྱུང་བས་ཧ་ཅང་དགའ་པོ་བྱུང་ཞེས་བཤད།
དར་དམར་ཁྲོམ་གཞུང་ཏང་ལས་དོན་ཨུ་ལྷན་གྱི་ཧྲུའུ་ཅི་གཞོན་པ་བསྟན་འཛིན་འཇིགས་མེད་ཀྱིས་དེ་སྔོན་ང་ཚོའི་དར་དམར་ཁྲོམ་གཞུང་གིས་ལུས་རྩལ་བྱེད་སྒོ་ཐེངས་མང་སྤེལ་བར་རྒྱ་ཆེའི་གྲོང་མི་མང་ཚོགས་ཀྱི་དགའ་བསུ་ཆེན་པོ་ཐོབ་ཡོད་ཅེས་བཤད།
བསྟན་འཛིན་འཇིགས་མེད་ཀྱིས་ང་ཚོའི་ཁྲོམ་གཞུང་དུ་དོན་གཅོད་ཁྲུའུ་བཙུགས་པ་ནས་བཟུང་།རྒྱུན་གཏན་གྱི་ལས་དོན་སྤེལ་རིང་དམངས་ཡོངས་ཀྱི་ལུས་སྦྱོང་བྱེད་སྒོ་སྤེལ་རྒྱུར་མཐོང་ཧ་ཅང་ཆེན་པོ་བྱེད་ཀྱི་ཡོད། དེ་སྔོན་ཁྲོམ་གཞུང་ཏང་ལས་དོན་ཨུ་ལྷན་གྱི་མིང་ཐོག་ནས་ཁོངས་གཏོགས་ཁུལ་གྱི་མང་ཚོགས་དང་ཏང་ལས་དོན་ཨུ་ལྷན་གྱི་ཁོངས་མིའི་ཚན་པ་སྒྲིག་འཛུགས་བྱས་ནས་སྤྲོ་སྣང་ལྡན་པའི་ལུས་རྩལ་གྱི་འབྲེལ་ཡོད་བྱེད་སྒོ་སྤེལ་མྱོང་ཡོད། ཕྱིས་འབྱུང་གི་ལས་དོན་ཁྲོད་ང་ཚོས་རྣམ་པ་མང་བ་དང་ནང་དོན་ཕུན་སུམ་ཚོགས་པའི་ལུས་རྩལ་གྱི་འབྲེལ་ཡོད་བྱེད་སྒོ་སྤེལ་ནས་གྲོང་མི་མང་ཚོགས་ཁྲོད་མི་ཚང་མ་ལུས་རྩལ་ལ་དགའ་བ་དང་མི་ཚང་མས་བདེ་ཐང་ལ་སྣང་ཆེན་བྱེད་པའི་རྣམ་པ་བཟང་པོ་ཞིག་གཏོད་རྒྱུ་ཡིན་ཞེས་བཤད།
(བྱང་ཆུབ་ཆོས་སྒྲོན་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社