ཟླ་གསུམ་པར་ཁམ་བུའི་མེ་ཏོག་བཞད་པ་དང་ཟླ་ལྔ་པར་ཁམ་བུ་སྨིན། ལྷ་སར་ས་བབ་མཐོ་བས་ཟླ་7པར་སླེབས་དུས་ཁམ་བུ་གཞི་ནས་སྨིན་གྱི་ཡོད། སྟག་གདོང་གྲོང་ཚོའི་ཁམ་སྡོང་ར་བ་ཞིག་ཏུ་སྐྱོད་སྐབས། དམར་མདངས་རྒྱས་པའི་ཁམ་བུ་སྔོ་ལྗང་གི་ལོ་མའི་གསེང་ནས་མངོན་ཞིང་། ཡིད་སེམས་དབང་མེད་དུ་འཕྲོག་པ་དང་དྲི་ཞིམ་གང་སར་འཐུལ་ནས་མི་རྣམས་ལ་འགྲམ་ཆུ་ལྡང་བར་བྱེད། ཁམ་སྡོང་ར་བའི་ནང་ལས་བཟོ་བ་ལ་ལས་ཁམ་བུ་འཐུ་བཞིན་ཡོད་པ་དང་། ལ་ལས་ཁམ་བུ་སྒམ་ཆུང་ནང་བླུག་བཞིན་ཡོད་པས་ལས་བྲེལ་ཆེ་བའི་རྣམ་པས་ཁེངས་ཡོད།
གྲོང་ཁུལ་ནས་ཐོན་ཏེ་རླངས་འཁོར་ནང་བསྡད་ནས་སྐར་མ་30ལྷག་ཙམ་སོང་རྗེས། ལྷ་སའི་མཐོ་གསར་ཁུལ་སྣེའུ་ཁྲོམ་གཞུང་གི་ཁོངས་གཏོགས་སུ་ཡོད་པའི་སྟག་གདོང་གྲོང་ཚོར་སླེབས་ཀྱི་ཡོད། གྲོང་ཚོའི་ཤར་ཕྱོགས་སུ་སྟག་གདོང་གྲོང་ཚོའི་ཁམ་སྡོང་ར་བ་ཡོད་པ་དང་། ར་བའི་ནང་དུ་འཛུལ་དུས། དམར་མདངས་རྒྱས་པའི་ཁམ་བུ་རེ་རེ་ཡལ་གའི་གསེང་ནས་མངོན་གྱི་ཡོད་པས་འགྲམ་ཆུ་ཤོར་དགོས་པ་ཞིག་འདུག ཁམ་བུ་རྐང་གཅིག་བཀོག་ནས་སོ་བཏབ་དུས། ཁམ་བུའི་བྲོ་བ་ཞིམ་ལ་དྲི་མ་ཡང་ཞིམ་པོ་ཡོད།
སྟག་གདོང་གྲོང་ཚོའི་ཏང་སྤྱི་ཁྱབ་ཀྲི་པུའུ་ཡི་ཧྲུའུ་ཅི་དང་པོ་ཧན་ཅ་ཅ་ཡིས་སྟག་གདོང་གྲོང་ཚོའི་ཁམ་བུའི་ར་བ་ནི། 2017ལོར་གོང་རིམ་ཚན་པས་སྟག་གདོང་གྲོང་ཚོའི་དཔལ་འབྱོར་འཕེལ་རྒྱས་ཀྱི་གནས་ཚུལ་ལ་གཞིགས་ནས་སྟག་གདོང་གྲོང་ཚོར་བསྐྲུན་པ་ཞིག་རེད། ཁམ་བུའི་ར་བར་མུའུ་50ཡོད་པ་དང་། ད་ཆ་ཁམ་བུ་རིགས་གཉིས་ཡོད། ཁམ་བུའི་སྤུས་ཀ་ལེགས་ལ་ཞིམ་མངར་ལྡན་པ་ཞིག་ཡོད་ཅེས་བཤད།
ཁམ་བུའི་ར་བ་དེ་ནི་སྟག་གདོང་གྲོང་ཚོའི་ཐུན་མོང་དཔལ་འབྱོར་ཡིན། 2017ལོར། སྟག་གདོང་གྲོང་ཚོའི་འཕེལ་རྒྱས་ལ་སྔར་བས་སྐུལ་འདེད་གཏོང་ཆེད། གོང་རིམ་ཚན་པའི་གཅིག་གྱུར་གྱི་འཆར་འགོད་གཞིར་བཟུང་། སྟག་གདོང་གྲོང་ཚོས་གྲོང་ཚོའི་ཤར་ཕྱོགས་སུ་ས་རྒོད་མུའུ་240གསར་སྦོལ་བྱས་ནས་ཁམ་སྡོང་བཙུགས་པ་དང་། ས་མཐོར་ཉི་འོད་ཡག་པོ་ཡོད་པར་བརྟེན་གནས་དེ་གའི་ཁམ་བུའི་བྲོ་བ་ཞིམ་པོ་ཡོད་པར་མ་ཟད། ཐོན་འབབ་ཀྱང་ཡག་པོ་ཡོད།
མིག་སྔར། ཁམ་བུ་སྨིན་པའི་དུས་ཡིན་པས་ཉིན་ལྟར་གྲོང་མི་མི་ཉུང་བ་ཞིག་སྒོ་རྩར་ཁམ་བུ་འཐུ་བར་ཡོང་གི་ཡོད། ཁམ་བུ་ལྷག་མ་རྣམས་ཡུལ་མི་ཚུལ་ཁྲིམས་བཟང་མོ་དང་གྲོང་ཚོའི་བུད་མེད་གཞན་དག་གིས་མཉམ་དུ་བཀོག་ནས་འཚོང་གི་ཡོད་པ་རེད། མིག་སྔར་གྲོང་མི་རྣམས་ཁམ་སྡོང་ར་བར་ཡོང་ནས་ཁམ་བུ་བཏུས་ཚེ་རྒྱ་མ་རེར་སྒོར་15དང་། ཚོང་རྫས་ལྟར་ཉོས་ཚེ་རྒྱ་མ་རེར་སྒོར་10ལྟར་འཚོང་གི་ཡོད་པ་རེད། ཁམ་བུའི་ར་བར་ཕན་འབྲས་ཐོན་པ་ནས་བཟུང་། ལོ་ལྟར་སྟག་གདོང་གྲོང་ཚོའི་ཐུན་མོང་དཔལ་འབྱོར་ལ་ཡོང་འབབ་སྒོར་ཁྲི་20ཙམ་རག་གི་ཡོད། 2023ལོ་ཁོ་ནར་ཕྱིར་ཚོང་ཡོང་འབབ་སྒོར་ཁྲི་24ཟིན་ནས་གྲོང་ཚོའི་ཡུལ་མི་10ལས་ཞུགས་ཐུབ་ཡོད།
ཁམ་བུ་འཐུ་བ་དང་ས་གནས་དེ་གའི་ཁྲོམ་རར་བཏོན་པའི་ཤིང་ཏོག་གསར་པའི་བྲོ་བ་མྱོང་བ་ཕུད། མིག་སྔར་སྟག་གདོང་གྲོང་ཚོའི་ནང་གི་གླིང་ཁ་དང་། ཆུ་ཚན་མགྲོན་ཁང་ཚང་མ་ཕྱི་ཕྱོགས་སུ་ལས་གཉེར་བྱེད་ཀྱི་ཡོད་ལ། དེ་གར་ཡོང་སྐབས་གྲོང་མི་ཚོས་ད་དུང་སྟག་གདོང་གྲོང་ཚོའི་མཛེས་སྡུག་ལྡན་པའི་རང་བྱུང་མཛེས་ལྗོངས་ལ་མྱོང་རོལ་དང་། ཆུ་ཚན་རྒྱག་པ། གླིང་ག་གཏོང་བ་བཅས་ཀྱི་སྤྲོ་སྣང་ལོངས་སུ་སྤྱོད་ཆོག་གི་ཡོད་པ་རེད།
(པདྨ་རྒྱལ་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社