分享按钮

གད་སྙིགས་སྔར་བཞིན་གང་བྱུང་དུ་དབྱུག་པ་དང་བགྲོད་ལམ་སྔར་བཞིན་ཧམ་བཟུང་གིས་ཚོང་རྒྱག་པ།

ཚུལ་མིན་གྱི་སྣང་ཚུལ་དེ་དག་འཕྲལ་དུ་བཅོས་སྒྲིག་བྱེད་དགོས།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། གྲོང་ཁྱེར་གྱི་ཤེས་དཔལ་ནི་གྲོང་མི་མང་ཚོགས་ཚང་མ་ཐུན་མོང་ཐོག་ཞུགས་རྒྱུ་དང་ཁ་འབྲལ་ཐབས་མེད།ཉིན་ཤས་གོང་། གསར་འགོད་པས་ལྷ་ས་གྲོང་ཁྱེར་ཤེས་དཔལ་གཞུང་དོན་ཁང་གི་ལས་དོན་པའི་རྗེས་སུ་འབྲངས་ནས་བཅར་འདྲི་བྱེད་སྐབས་ས་ཁོངས་ཁག་གཅིག་ཏུ་རྩྭ་རྩི་ཤིང་ལ་གཏོར་བཤིག་གཏོང་བ་དང་ཁོར་ཡུག་བཙོག་ཟིང་ཞན་གསུམ་བཟོ་བ། ལམ་ཧམ་བཟུང་བྱས་ནས་ཚོང་རྒྱག་པ། གློག་སྒུལ་སྦག་སྦག་གང་བྱུང་དུ་འཇོག་པ་སོཊ་ཀྱི་སྣང་ཚུལ་སྔར་བཞིན་ཡོད་པ་ཤེས་རྟོགས་བྱུང་ཡོད།

ལྷ་སའི་སྐྱིད་ཆུའི་འགྲམ་དུ་གནས་པའི་དྲན་གསོའི་རྡོ་རིང་ལུས་རྩལ་རྒྱན་ཤོག་སྤྱི་གླིང་དུ་ཁོར་ཡུག་མཛེས་སྡུག་ལྡན་པ་དང་། སྤང་ལྗང་ཞིང་སྔོ་བ། དེ་བཞིན་ལུས་རྩལ་རྩེད་ཡུལ་རྒྱ་ཆེ་བ་སོགས་ཡོད་པས་རྒྱ་ཆེའི་གྲོང་མི་དང་ཡུལ་སྐོར་བ་ཚོས་དགའ་པོ་བྱེད་ཀྱི་ཡོད།རླངས་འཁོར་བཏང་ནས་ལྷ་སར་ཡུལ་སྐོར་ལ་ཡོང་མཁན་མི་ཉུང་བ་ཞིག་གིས་སྤྱི་གླིང་དེ་སྒར་རྒྱག་སར་འདེམས་ཀྱི་ཡོད། ཡིན་ནའང་གསར་འགོད་པས་བཅར་འདྲི་བྱེད་སྐབས་སྤྱི་གླིང་གི་འཛུལ་སྒོའི་ལོགས་དབྱེའི་མདུང་མ་འགྱེལ་བ་དང་། རླངས་འཁོར་འཇོག་ས་དང་སྤང་ལྗོངས་སུ་གུར་མི་ཉུང་བ་ཞིག་ཕུབ་པ། ནེའུ་གསིང་དང་ས་ངོས་སུ་འགྱིག་སྙིགས་མང་པོ་དབྱུགས་ཡོད། སྤྱི་གླིང་ནང་ད་དུང་ཁྱི་གསོ་མཁན་གྱིས་ཁྱི་ལ་བདག་པོ་ཡག་པོ་མ་བརྒྱབ་པར། སྤང་སྟེང་དུ་གང་བྱུང་དུ་གློད་པ་སོགས་ཚུལ་མིན་གྱི་སྣང་ཚུལ་ཡོད་པ་ཤེས་རྟོགས་བྱུང་ཡོད། རྐང་རྩེད་སྤོ་ལོའི་ཐང་གི་མིས་བཟོས་རྩྭ་ཤུན་ལྷུང་བ་དང་ར་བའི་ར་སྐོར་གྱི་ཁུང་བུ་ལ་སྲུང་སྐྱོབ་བྱེད་མཁན་མེད་པར་མ་ཟད། སྤྱི་གླིང་ནང་གི་གད་སྙིགས་གཅིག་སྡུད་གཙང་སེལ་ས་ཚིཊ་སུ་གད་སྙིགས་གང་སར་སྤུངས་ནས་མཁའ་རླུང་ཁྲོད་དྲི་ངན་འཐུ་བཞིན་ཡོད་པ་རེད།

དེ་རྗེས་གསར་འགོད་པ་དང་གྲོང་ཁྱེར་ཤེས་དཔལ་གཞུང་དོན་ཁང་གི་ལས་དོན་པ་སྐྱིད་ཆུའི་ཁུལ་ཆུང་དུ་སྐྱོད་སྐབས་ཚུལ་མིན་གྱིས་ཚོང་གཉེར་བ་དང་མ་རབས་ཀྱིས་རླངས་འཁོར་འཇོག་པའི་བྱ་སྤྱོད་སྣ་ཚོགས་སྔར་བཞིན་གནས་ཡོད། ཁུལ་ཆུང་གི་ཚོང་དུད་ཀྱི་སྒོ་མདུན་དུ་གད་སྙིགས་མང་པོ་སྤུངས་ཡོད་པ་དང་། གད་སྙིགས་ཁ་ཤས་ལོང་བའི་འགྲོ་ལམ་ཐོག་ཏུ་སྤུངས་ཡོད། དེ་མིན་འཕྲུལ་སྒུལ་སྦག་སྦག་ཡང་གཏན་འབེབས་ལྟར་བཞག་མེད་པ་དང་། དྲིལ་བསྒྲགས་སྒྲོམ་སྟེགས་སྟེང་དུ་ད་དུང་གང་བྱུང་དུ་རི་མོ་བྲིས་པའི་རྗེས་ཤུལ་ཡོད་པས། གྲོང་ཁྱེར་གྱི་རྣམ་པར་ཤུགས་རྐྱེན་ངན་པ་ཐེབས་བཞིན་ཡོད།

ཤེས་དཔལ་དང་།ཞི་མཐུན།བདེ་འཇགས།གོ་རིམ་བཅས་ལྡན་པའི་གྲོང་ཁྱེར་གྱི་ཁོར་ཡུག་གཏོད་རྒྱུ་ནི་ཚང་མའི་འགན་འཁྲི་ཡིན་པས་དེའི་ནང་ཧུར་ཐག་ཞུགས་དགོས། འདིར་ང་ཚོས་རྒྱ་ཆེའི་གྲོང་མི་དང་འབྲེལ་ཡོད་ཚན་པས་གོམས་གཤིས་ངན་པ་དོར་བ་དང་། ཞན་ཆ་གསབ་པ། བྱང་ཚད་མཐོ་རུ་གཏོང་བ་བཅས་བྱས་ཏེ་ཐུན་མོང་ཐོག་ལྷ་ས་གྲོང་ཁྱེར་གྱི་མཛེས་སྡུག་ལྡན་པའི་ཁོར་ཡུག་དང་བདེ་སྐྱིད་ཀྱི་འཚོ་བ་བཏོད་ནས་ལྷ་ས་གྲོང་ཁྱེར་གྱི་གཟུགས་བརྙན་ལེགས་སུ་གཏོང་ཆེད་ལེགས་སྐྱེས་འབུལ་དགོས་པའི་རེ་འབོད་བྱ་རྒྱུ་ཡིན།

(ལྷག་པ་ཚེ་རིང་གིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-08-09 གད་སྙིགས་སྔར་བཞིན་གང་བྱུང་དུ་དབྱུག་པ་དང་བགྲོད་ལམ་སྔར་བཞིན་ཧམ་བཟུང་གིས་ཚོང་རྒྱག་པ། 6 6 拉萨日报藏文 c186030.html 1 ཚུལ་མིན་གྱི་སྣང་ཚུལ་དེ་དག་འཕྲལ་དུ་བཅོས་སྒྲིག་བྱེད་དགོས། /enpproperty-->