分享按钮

ལྗོངས་ནང་ཁུལ་གྱི་མཐོ་རྒྱུགས་ནང་ཞུགས་པའི་སློབ་མའི་རེ་འདུན་རེའུ་མིག་བསྡུ་རུབ་ཀྱི་སྤྱི་བསྒྲགས་ཨང་9པའི་ནང་སློབ་མ་682བསྡུ་རྒྱུའི་འཆར་གཞི་ཁྱབ་བསྒྲགས་བྱས་པ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཟླ་8ཚེས་7ཉིན་བོད་རང་སྐྱོང་སློབ་གསོ་རྒྱུགས་ལེན་ཁང་གིས་ལྗོངས་ནང་ཁུལ་གྱི་མཐོ་རྒྱུགས་ནང་ཞུགས་པའི་སློབ་མའི་རེ་འདུན་རེའུ་མིག་བསྡུ་རུབ་ཀྱི་སྤྱི་བསྒྲགས་ཨང་9པ་ཁྱབ་བསྒྲགས་བྱས་པའི་ནང་། རང་ལྗོངས་ཀྱི་མཐོ་སློབ་དཀྱུས་མའི་སློབ་མ་བསྡུ་བའི་སློབ་གླིང་གིས་དངོས་གཞིའི་ཚན་ཁག་གི་ཁག་གཉིས་པའི་སློབ་མ་བསྡུ་བའི་རེ་འདུན་ཡིག་ཚགས་བཏང་རྗེས་སློབ་གླིང་ཁག་གཅིག་གིས་སློབ་བསྡུའི་འཆར་གཞི་སྔར་བཞིན་ལེགས་གྲུབ་བྱུང་མེད་པས། ཟླ་8ཚེས་7ཉིན་གྱི་ཆུ་ཚོད་17ནས་ཟླ་8ཚེས་9ཉིན་གྱི་ཆུ་ཚོད་9པའི་བར་རང་ལྗོངས་ཀྱི་མཐོ་སློབ་ནང་བསྡུས་མེད་པ་མ་ཟད་ཆ་རྐྱེན་འཛོམས་པའི་རྒྱུགས་སྤྲོད་སློབ་མས་བོད་རང་སྐྱོང་ལྗོངས་ཀྱི་མཐོ་རིམ་སློབ་གྲྭའི་སྤྱིར་བཏང་གི་སློབ་བསྡུའི་རེ་འདུན་རེའུ་མིག་མ་ལག་http://ptgx.zsks.edu.xizang.gov.cn:8084ནང་ཐོ་འགོད་བྱས་ཏེ་བླང་བྱ་ལྟར་དུས་ཐོག་དང་གནད་ལ་འཁེལ་བའི་སྒོ་ནས་རེ་འདུན་རེའུ་མིག་རྒྱོང་ཆོག་གི་ཡོད་པ་རེད།

སྤྱི་བསྒྲགས་ནང་གསལ་བར། སློབ་བསྡུའི་འཆར་གཞི(ཆེད་ལས་སྙོམས་སྒྲིག་དང་ལེན་མི་བྱེད་པའི་རྒྱུགས་སྤྲོད་སློབ་མ་ཕྱིར་འཐེན་བྱས་རྗེས་ཀྱི་འཆར་གཞི་ཚུད་པ)ལེགས་གྲུབ་བྱུང་མེད་པའི་ནང་དངོས་གཞིའི་ཚན་ཁག་གི་ཁག་གཉིས་པའི་རིག་གནས་ལོ་རྒྱུས་རིགས་ལ་སློབ་མ་289དང་། དངོས་གཞིའི་ཚན་ཁག་གི་ཁག་གཉིས་པའི་རང་བྱུང་རིག་པ་དང་བཟོ་སྐྲུན་རིག་པའི་རིགས་ལ་སློབ་མ་393བསྡུ་རྒྱུ་ཡིན་པས། ཁྱོན་རེ་འདུན་ཡོད་པའི་སློབ་མ་682བསྡུ་རྒྱུའི་འཆར་གཞི་ཡོད་པ་རེད། རང་ལྗོངས་ཀྱི་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་སློབ་བསྡུའི་འཆར་གཞི་ལེགས་གྲུབ་བྱུང་མེད་པའི་སློབ་གླིང་ཁག་གཅིག་གིས་དངོས་གཞིའི་ཚན་ཁག་གི་ཁག་གཉིས་པའི་སློབ་བསྡུའི་ཚོད་འཛིན་སྐར་གྲངས་དམའ་ཤོས་འོག་ཡོངས་བསྒྲགས་ངང་རེ་འདུན་ཡོད་པའི་སློབ་མ་བསྡུ་རུབ་བྱ་རྒྱུ་ཡིན་པས་མཐོ་སློབ་ཀྱིས་བསྡུས་མེད་པར་མ་ཟད། ཆ་རྐྱེན་འཛོམས་པའི་རྒྱུགས་སྤྲོད་སློབ་མས་གཏན་འབེབས་ཀྱི་དུས་ཚོད་ནང་བླང་བྱ་ལྟར་དུས་ཐོག་དང་གནད་ལ་འཁེལ་བའི་སྒོ་ནས་རེའུ་མིག་རྒྱོང་དགོས་པ་དང་དུས་ཚོད་ལས་ཡོལ་ཚེ་བདག་སྤྲོད་མི་བྱེད།

བོད་ལྗོངས་རང་སྐྱོང་སློབ་གསོ་རྒྱུགས་ལེན་ཁང་གིས་རྒྱུགས་སྤྲོད་སློབ་མས་རེ་འདུན་རེའུ་མིག་བསྡུ་རུབ་མ་བྱས་གོང་ངེས་པར་དུ་རེ་འདུན་རེའུ་མིག་བསྡུ་རུབ་བྱེད་རྩིས་ཡོད་པའི་སློབ་གྲྭ་དང་ཆེད་ལས་ལ་ཁྱོན་ཡོངས་ནས་རྒྱུས་ལོན་བྱེད་དགོས་པ་དང་། སློབ་གྲྭ་དེའི་སློབ་བསྡུའི་སྒྲིག་ཡིག་འདྲི་རྩད་ནན་ཏན་བྱེད་པ། སློབ་བསྡུའི་སློབ་གླིང་གི་བླང་བྱ(སློབ་ཡོན་དང་གཟུགས་པོར་བརྟག་དཔྱད་སོགས)ཤེས་རྟོགས་བྱས་ནས་འབྲི་ནོར་མི་ཡོང་བར་བྱེད་དགོས། གཞན་ཡང་དམངས་གཉེར་སློབ་གླིང་དང་རང་ཚུགས་སློབ་གླིང་གི་སློབ་བསྡུའི་འཆར་གཞི་དེ་རྒྱལ་ཁབ་ཀྱི་གཅིག་གྱུར་སློབ་བསྡུའི་འཆར་གཞིའི་ཁོངས་སུ་གཏོགས་པ་དང་སློབ་གྲྭ་ཐོན་རྗེས་རྒྱལ་ཁབ་ཀྱིས་སློབ་རྒྱུས་ཁས་ལེན་བྱེད་པའི་ཆ་རྐྱེན་དང་མཐུན་གྱི་ཡོད་པས། སློབ་བསྡུའི་ནང་ཚུད་མེད་པའི་རྒྱུགས་སྤྲོད་སློབ་མས་དུས་ཐོག་ཏུ་སློབ་བསྡུའི་རེའུ་མིག་འབྲི་དགོས།སློབ་བསྡུ་བྱེད་རིང་རྒྱུགས་སྤྲོད་སློབ་མས་ངེས་པར་དུ་མིང་ཐོ་འགོད་སྐབས་བཞག་པའི་ཁ་པར་ཨང་གྲངས་ཤར་གཏོང་ཐུབ་པར་བྱེད་དགོས་པའི་དྲན་སྐུལ་བྱས་ཡོད་པ་རེད། (སྟོབས་རྒྱལ་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-08-09 6 6 拉萨日报藏文 c186031.html 1 ལྗོངས་ནང་ཁུལ་གྱི་མཐོ་རྒྱུགས་ནང་ཞུགས་པའི་སློབ་མའི་རེ་འདུན་རེའུ་མིག་བསྡུ་རུབ་ཀྱི་སྤྱི་བསྒྲགས་ཨང་9པའི་ནང་སློབ་མ་682བསྡུ་རྒྱུའི་འཆར་གཞི་ཁྱབ་བསྒྲགས་བྱས་པ། /enpproperty-->