分享按钮

《ལྷ་ས་གྲོང་ཁྱེར་གྱི་འཕྲུལ་སྒུལ་འཁོར་རིགས་འཇོག་སའི་སྐོར་གྱི་སྲོལ་ཡིག》

ཟླ་8ཚེས་15ཉིན་ནས་ལག་བསྟར་བྱ་རྒྱུ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཟླ་8ཚེས་7ཉིན།ལྷ་ས་གྲོང་ཁྱེར་མི་དམངས་སྲིད་གཞུང་གསར་འགྱུར་གཞུང་དོན་ཁང་གིས《ལྷ་ས་གྲོང་ཁྱེར་གྱི་འཕྲུལ་སྒུལ་འཁོར་རིགས་འཇོག་སའི་སྐོར་གྱི་སྲོལ་ཡིག》(གཤམ་དུ《སྲོལ་ཡིག》ཅེས་བསྡུ་རྒྱུ)ཁྱབ་བསྒྲགས་དང་ལག་བསྟར་བྱེད་པའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་འཚོགས་པ་རེད།

རླངས་འཁོར་འཇོག་ས་འཛུགས་སྐྲུན་དང་དོ་དམ་བྱ་རྒྱུ་ནི་དམངས་འཚོ་ལེགས་བཅོས་དང་འབྲེལ་བ་ཡོད་པའི་རྨང་གཞིའི་རང་བཞིན་གྱི་ལས་དོན་གལ་ཆེན་ཞིག་ཡིན། ས་གནས་ཀྱི་ཁྲིམས་འཛུགས་ལས་དོན་ཧུར་ཐག་སྤེལ་བ་དང་། རང་གྲོང་གི་རླངས་འཁོར་འཇོག་ས་འཛུགས་སྐྲུན་དང་དོ་དམ་ཁྲོད་དང་ལྷག་པར་དུ་རང་གྲོང་གི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཁོར་ཡུག་བཅོས་སྒྲིག་ཆེན་མོའི་བྱ་སྤྱོད་ཁྲོད་ཀྱི་ལག་ལེན་ཉམས་མྱོང་དང་མངོན་གསལ་དོད་པའི་གནད་དོན་ལ་ཕྱོགས་བསྡོམས་དང་དབྱེ་ཞིབ་ནན་ཏན་བྱས་ཏེ། ལམ་ལུགས་ཅན་དང་ཁྲིམས་སྐྱོང་ཅན་གྱི་ལམ་བུའི་ཐོག་ནས་ཐག་གཅོད་བྱེད་པའི་ཐབས་ཇུས་དུས་ཐོག་ཏུ་ཞིབ་འཇུག་བྱས་ནས་བཏོན་ཡོད། ཁྲིམས་སྐྱོང་གི་བྱ་ཐབས་དང་ཁྲིམས་སྐྱོང་གི་བསམ་གཞིགས་ལ་བརྟེན་ནས་རླངས་འཁོར་འཇོག་ས་འཆར་འགོད་དང་ཛུགས་སྐྲུན། དོ་དམ། གཉེར་སྐྱོང་བཅས་ཡག་པོ་བྱ་རྒྱུ་ནི་རང་གྲོང་གི་རླངས་འཁོར་འཇོག་ས་དོ་དམ་ལས་དོན་སྐྱོན་བྲལ་དང་གོ་རིམ་ལྡན་པའི་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བའི་ཁ་ཚ་དགོས་གཏུགས་ཀྱི་དགོས་མཁོ་ཞིག་རེད།

གསར་འགྱུར་མགྲིན་ཚབ་པ་ཧོའུ་ཅིང་ཧྭ་ཡིས་ངོ་སྤྲོད་བྱས་པར་གཞིགས་ན།《སྲོལ་ཡིག》དེ་2024ལོའི་ཟླ་7ཚེས་24ཉིན་ལྷ་ས་གྲོང་ཁྱེར་མི་དམངས་འཐུས་ཚོགས་སྐབས་བཅུ་གཉིས་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་ཉེར་གསུམ་པའི་ཐོག་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བ་རེད། ཟླ་7ཚེས་31ཉིན་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མིའི་ཚོགས་ཆེན་སྐབས་བཅུ་གཉིས་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་བཅུ་གཅིག་པའི་ཐོག《སྲོལ་ཡིག》ལ་ཆོག་མཆན་གནང་བ་རེད།《སྲོལ་ཡིག》དེ་2024ལོའི་ཟླ་8ཚེས་15ཉིན་ནས་ལག་བསྟར་བྱ་རྒྱུ་ཡིན་ཞིང་། སྲོལ་ཡིག་ལག་བསྟར་བྱས་རྗེས་རླངས་འཁོར་འཇོག་པའི་སྒྲིག་ལམ་ནུས་ལྡན་ངང་ཚད་ལྡན་དུ་གཏོང་བ་དང་། གྲོང་ཁྱེར་གྱི་འགྲིམ་འགྲུལ་ཁོར་ཡུག་ལེགས་སུ་གཏོང་བ། འགྲིམ་འགྲུལ་ཤར་བགྲོད་ཡོང་བར་སྐུལ་འདེད་གཏོང་བ། གྲོང་ཁྱེར་ཧྲིལ་པོའི་འཁོར་སྐྱོད་ལས་ཕྱོད་དང་འཚོ་བའི་སྤུས་ཚད་མཐོ་རུ་གཏོང་བ་སོགས་ལ་ཕན་ཐོགས་རྒྱུ་རེད།

《སྲོལ་ཡིག》གཏན་འབེབས་བྱེད་པའི་བརྒྱུད་རིམ་ནང་།ཏང་ཨུད་ཀྱིས་འགོ་འཁྲིད་པ་དང་། མི་དམངས་འཐུས་ཚོགས་ཀྱིས་གཙོ་ཁྲིད་བྱེད་པ། སྲིད་གཞུང་གིས་རྒྱབ་བརྟེན་བྱེད་པ། ཕྱོགས་ཁག་ཞུགས་པ་བཅས་ཀྱི་ཁྲིམས་འཛུགས་ལས་ཀའི་རྣམ་པ་ལག་བསྟར་དང་དོན་འཁྱོལ་བྱས་ཏེ།ཚན་རིག་དང་མཐུན་པའི་ཁྲིམས་འཛུགས་དང་དམངས་གཙོས་ཁྲིམས་འཛུགས།ཁྲིམས་ལྟར་ཁྲིམས་འཛུགས་བཅས་ཀྱི་རྩ་དོན་རྒྱུན་འཁྱོངས་བྱས་ནས་བརྒྱུད་རིམ་ཧྲིལ་པོར་མི་དམངས་དམངས་གཙོ་ཁྱབ་པར་བྱས་ཡོད། ཁྲིམས་འཛུགས་ཀྱི་སྤུས་ཚད་མཐོ་རུ་གཏོང་ཆེད། གྲོང་ཁྱེར་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་གཙོ་ཁྲིད་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ་སྔོན་ལ་ལས་དོན་སྤེལ་ནས་ཁྲིམས་སྲོལ་འཆར་ཟིན་འགོད་པ་དང་། བརྟག་ཞིབ། རིགས་པས་ཁུངས་སྐྱེལ། མཉམ་འབྲེལ་བཟོ་བཅོས་སོགས་བརྒྱུད་རིམ་ཧྲིལ་པོར་མཛུབ་ཁྲིད་དང་གཅིག་གྱུར་གྱིས་མཐུན་སྦྱོར་བྱས་ཡོད། ཁྲིམས་སྲོལ་འཆར་ཟིན་གྲུབ་རྗེས། གྲོང་ཁྱེར་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་སྔ་རྗེས་སུ་ལྗོངས་དང་། གྲོང་ཁྱེར། རྫོང་བཅས་ཀྱི་འབྲེལ་ཡོད་སྡེ་ཚན་དང་དེ་བཞིན་སྤྱི་ཚོགས་ལས་རིགས་ཁག་སོགས་ཕྱོགས་མང་པོའི་བསམ་འཆར་དང་གྲོས་འགོ་བསྡུ་ལེན་བྱས་པར་མ་ཟད། སྡེ་ཚན་གྱི་མཐུན་སྦྱོར་ཚོགས་འདུ་དང་རིགས་གཅིག་མཁས་ཅན་གྱི་རིགས་པས་ཁུངས་སྐྱེལ་ཚོགས་འདུ་ཐེངས་མང་འཚོགས་པ་རེད།

《སྲོལ་ཡིག》ནང་།ཁྱོན་བསྡོམས་ལེའུ་ལྔ་དང་དོན་ཚན་སུམ་ཅུ་སོ་གཉིས་ཡོད་པ་དེའི་ནང་གཙོ་བོ་འཆར་འགོད་དང་འཛུགས་སྐྲུན། བེད་སྤྱོད་དང་དོ་དམ། བཅའ་ཁྲིམས་ཀྱི་འགན་འཁྲི་སོགས་ཀྱི་ནང་དོན་ཚུད་ཡོད། སླད་ཕྱིན་གྲོང་ཁྱེར་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས《སྲོལ་ཡིག》གི་ཁྲིམས་འཛིན་ཞིབ་བཤེར་ལ་ཤུགས་སྣོན་བརྒྱབ་སྟེ་ཁྲིམས་འཛིན་ནན་པོ་དང་དམངས་ཡོངས་ཀྱིས་ཁྲིམས་སྲུང་རྒྱུར་སྐུལ་འདེད་བཏང་ནས《སྲོལ་ཡིག》གི་གཏན་འབེབས་དོན་ཐོག་ཏུ་འཁྱོལ་བར་བྱ་རྒྱུ་ཡིན་པ་རེད།

(སྟོབས་རྒྱལ་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-08-09 《ལྷ་ས་གྲོང་ཁྱེར་གྱི་འཕྲུལ་སྒུལ་འཁོར་རིགས་འཇོག་སའི་སྐོར་གྱི་སྲོལ་ཡིག》 6 6 拉萨日报藏文 c186023.html 1 ཟླ་8ཚེས་15ཉིན་ནས་ལག་བསྟར་བྱ་རྒྱུ། /enpproperty-->