分享按钮

ཁྲེང་ཀོན་ཆུས་མང་ཚོགས་ཚོགས་པའི་ལས་དོན་པུའུ་ཡིས་དོ་དམ་དུ་བཀག་པའི་ན་སོ་དར་ལ་མ་བབས་པའི་མིར་སེམས་ཁམས་བདེ་ཐང་གི་བྱེད་སྒོ་སྤེལ་བ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཉིན་ཤས་གོང་། ཁྲེང་ཀོན་ཆུས་མང་ཚོགས་ཚོགས་པའི་ལས་དོན་པུའུ་ཡིས་ལྷ་ས་གྲོང་ཁྱེར་ཉེས་ཅན་ལྟ་སྲུང་ཁང་དང་མཉམ་འབྲེལ་བྱས་ཏེ།དོ་དམ་དུ་བཀག་པའི་ན་སོ་དར་ལ་མ་བབས་པའི་མིར་སེམས་ཁམས་བདེ་ཐང་གི་བྱེད་སྒོ་སྤེལ་བ་རེད།

ཉིན་དེར་གཅེས་སེམས་ཁེ་ལས་བོད་ལྗོངས་ཐེན་ཏེ་ཝུན་ཧྭ་སློབ་གསོ་ཚན་རྩལ་ཚད་ཡོད་ཀུང་སིའི་ལས་དོན་པས་དོ་དམ་དུ་བཀག་པའི་ན་སོ་དར་ལ་མ་བབས་པའི་མི་དང་མཉམ་དུ་སྤོ་ལོ་རྒྱག་པ་སོགས་སྤྲོ་སྣང་ལྡན་པའི་བྱེད་སྒོ་སྤེལ་བ་དང་། མཐོ་རིམ་སེམས་ཁམས་བློ་འདྲི་བ་ལིའུ་ཡུས་ཕིང་གིས་རོལ་རྩེད་ཀྱི་ཞོར་དུ་ཚང་མར་སེམས་ཁམས་ཀྱི་ཤེས་བྱ་ཟུར་ཁྲིད་བྱས་པ་རེད། ལིའུ་ཡུས་ཕིང་གིས། རོལ་རྩེད་རྩེ་སྐབས་དོ་དམ་དུ་བཀག་པའི་ན་སོ་དར་ལ་མ་བབས་པའི་མིའི་སེམས་ཁམས་མངོན་གྱི་ཡོད། དེ་ལྟར་བྱས་ཚེ་ངས་གཞི་ནས་ལས་ཀ་སྤེལ་ཐུབ་པ་དང་ཁོང་ཚོའི་སེམས་ཀྱི་གཏིང་དུ་སྦས་པའི་བསམ་ཚུལ་ཕྱིར་མངོན་ཐུབ་ཅེས་བཤད།

རང་སྐྱོང་ལྗོངས་ཁང་པའི་རྒྱན་སྤྲོས་ལས་རིགས་མཐུན་ཚོགས་ཀྱི་འབྲེལ་ཡོད་འགན་འཁུར་བ་ཕེང་ཆི་ཅུན་གྱིས་དོ་དམ་དུ་བཀག་པའི་ན་སོ་དར་ལ་མ་བབས་པའི་མི་སྔ་ཙམ་སྤྱི་ཚོགས་ནང་ཞུགས་རྒྱུར་རོགས་རམ་བྱ་ཆེད། ལྟ་སྲུང་ཁང་ནས་ཐོན་པ་དང་ལས་ཞུགས་ཀྱི་ཆ་རྐྱེན་དང་མཐུན་པའི་ན་སོ་དར་ལ་མ་བབས་པའི་མིར་དེ་མཚུངས་ཀྱི་ལས་གནས་མཁོ་འདོན་བྱེད་འདོད་ཡོད་ཅེས་ངོ་སྤྲོད་བྱས་པ་རེད།

ཁྲེང་ཀོན་ཆུས་མང་ཚོགས་ཚོགས་པའི་ལས་དོན་པུའི་པུའུ་ཀྲང་གཞོན་པ་དང་གུང་གཞོན་སྡེ་ཚོགས་ཆུས་ཨུད་ཀྱི་ཧྲུའུ་ཅི་ཝང་གཡུ་སྒྲོན་གྱིས། དོ་དམ་དུ་བཀག་པའི་ན་སོ་དར་ལ་མ་བབས་པའི་མིའི་སེམས་ཁམས་ཀྱི་བདེ་ཐང་ལ་འགན་ལེན་དང་། གྱོད་གཞི་དང་འབྲེལ་བ་ཡོད་པའི་ན་སོ་དར་ལ་མ་བབས་པའི་མིའི་རང་ངོ་རང་འཛིན་གྱི་ཚད་མཐོ་རུ་གཏོང་བ། ཁོང་ཚོ་སྐྱོན་བྲལ་ངང་འཚར་ལོངས་ཡོང་རྒྱུར་ཁྲིད་སྟོན་དང་རོགས་རམ་བཅས་བྱ་ཆེད། དེ་རིང་ཁྲེང་ཀོན་ཆུས་མང་ཚོགས་ཚོགས་པའི་ལས་དོན་པུའི་སེམས་ཁམས་བློ་འདྲི་མཁས་པ་དང་དོ་དམ་དུ་བཀག་པའི་ན་སོ་དར་ལ་མ་བབས་པའི་མིའི་དབར་བགློ་གླེང་བྱས་ཤིང་། ཁོང་ཚོའི་བསམ་བློའི་གནས་ཚུལ་དང་འཚོ་བའི་དགོས་མཁོ། བསྒྱུར་བཅོས་བྱེད་ཚུལ་སོགས་ཤེས་རྟོགས་བྱས་པར་མ་ཟད། ཁོང་ཚོར་དམིགས་སའི་རང་བཞིན་ལྡན་པའི་གྲོས་འགོ་བཏོན་ཏེ། ཡང་དག་པའི་རིན་ཐང་ལྟ་བ་དང་མི་ཚེའི་ལྟ་བ་འཛུགས་རོགས་བྱས་ཡོད་ཅེས་བཤད།

དོ་དམ་དུ་བཀག་པའི་ན་སོ་དར་ལ་མ་བབས་པའི་མིས། སྤྱི་ཚོགས་ཐོག་མི་འདི་འདྲ་མང་པོ་ཞིག་གིས་ང་ཚོར་སེམས་ཁུར་དང་གཅེས་སྐྱོང་བྱེད་ཀྱི་ཡོད། ང་ཚོས་ལང་ཚོར་གཅེས་སྤྲས་ཀྱིས་རང་རྟོགས་ཀྱིས་ཁྲིམས་ལུགས་ཁྲིམས་སྲོལ་དང་ལྟ་སྲུང་ཁང་གི་སྒྲིག་སྲོལ་ལམ་ལུགས་ཁག་ལ་བརྩི་སྲུང་བྱས་ཏེ། རང་ཉིད་ཀྱི་འབད་བརྩོན་ལ་བརྟེན་ནས་བསྐྱར་དུ་འཚོ་བ་གསར་པ་ཞིག་འགོ་འཛུགས་ཐུབ་པར་བྱ་རྒྱུ་ཡིན་ཞེས་གཅིག་རྗེས་གཉིས་མཐུད་ངང་བཤད།

(ཨོ་རྒྱན་ཚེ་རིང་གིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-08-09 6 6 拉萨日报藏文 c186022.html 1 ཁྲེང་ཀོན་ཆུས་མང་ཚོགས་ཚོགས་པའི་ལས་དོན་པུའུ་ཡིས་དོ་དམ་དུ་བཀག་པའི་ན་སོ་དར་ལ་མ་བབས་པའི་མིར་སེམས་ཁམས་བདེ་ཐང་གི་བྱེད་སྒོ་སྤེལ་བ། /enpproperty-->